ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཁོངས་གཏོགས་དངུལ་གཏོང་ཁེ་ལས་ཀྱི་བུ་ལོན་དོ་དམ་ལ་ཤུགས་བསྣན་ནས་ཉེན་ཁ་ཚོད་འཛིན་ནན་མོ་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ་བཅུ་བའི་ཚེས་བཅོ་ལྔ་ཉིན། ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཁོངས་གཏོགས་དངུལ་གཏོང་ཁེ་ལས་ཀྱི་བུ་ལོན་དོ་དམ་ལ་ཤུགས་བསྣན་ནས་ཉེན་ཁ་ཚོད་འཛིན་ནན་མོ་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་བསྡུས། ཚོགས་ཐོག་ནས་དུས་ཚིགས་དང་པོ་ནས་གསུམ་པའི་བར་ཞིང་ཆེན་ཁོངས་གཏོགས་དངུལ་གཏོང་ཁེ་ལས་ཀྱི་དཔལ་འབྱོར་འཁོར་སྐྱོད་དང་བུ་ལོན་སེལ་ཚུལ་སྐོར་ནས་བརྡ་ཁྱབ་བཏང་བར་མ་ཟད། མ་འོངས་པའི་གཙོ་གནད་ལས་དོན་ལ་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཝང་ལིས་མེན་གྱིས་བསྟན་དོན། ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་ཐབས་བྱ་རྒྱུ་ནི། “མཁྲེགས་གཏོར་དམག་འཐབ་ཆེན་པོ་གསུམ”གྱི་གཙོ་གནད་ཡིན་ལ། དངུལ་རྩ་བརྟན་པོ་ཡོང་བར་བྱ་རྒྱུ་ནི“བརྟན་འཇགས་དྲུག”གི་ལས་འགན་གཙོ་བོ་ཡིན་པས། དེ་ནི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བ་དང་སྤྱི་ཚོགས་ཁྱོན་ཡོངས་བརྟན་འཇགས་ཡོང་བ་དང་འབྲེལ་བ་ཡོད། འབྲེལ་ཡོད་སྡེ་ཁག་དང་ཞིང་ཆེན་ཁོངས་གཏོགས་ཀྱི་མ་དངུལ་འཇོག་པའི་ཁེ་ལས་ཀྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་ལས་མཐོ་རུ་གཏོང་བ་དང་། ཞིང་ཆེན་ཁོངས་གཏོགས་ཀྱི་མ་དངུལ་འཇོག་པའི་ཁེ་ལས་ཀྱི་བུ་ལོན་ཉམས་ཉེན་གནས་བབ་ཀྱི་རྙོག་འཛིང་རང་བཞིན་དང་ཁ་ཚ་དགོས་གཏུག་གི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། ཁེ་ལས་ཀྱི་བུ་ལོན་ཉེན་ཁ་སྔོན་འགོག་དང་སེལ་ཐབས་བྱ་རྒྱུ་དེ་མིག་སྔའི་ལས་ཀའི་གལ་ཆེན་ནང་གི་འགངས་ཆེན་དུ་འཛིན་དགོས། ཆུ་མ་ཤོར་གོང་ནས་རགས་རྒྱག་པ་དང་གནད་འཁེལ་ཇུས་འདོན་བྱས་ཏེ། ཞིང་ཆེན་ཁོངས་གཏོགས་ཀྱི་མ་དངུལ་འཇོག་པའི་ཁེ་ལས་ཀྱི་བུ་ལོན་ཉེན་ཁ་སྤྱིའི་ཆ་ནས་ཚོད་འཛིན་བྱ་ཐུབ་པར་འགན་ལེན་བྱེད་དགོས་ཟེར།

ཝང་ལིས་མེན་གྱིས་ནན་གྱིས་བསྟན་དོན། འབྲེལ་ཡོད་སྡེ་ཁག་དང་ཞིང་ཆེན་ཁོངས་གཏོགས་ཀྱི་མ་དངུལ་འཇོག་པའི་ཁེ་ལས་ཀྱིས་རང་བདག་འགན་འཁྲི་ཇེ་དམ་དུ་གཏོང་བ་དང་གནད་དོན་གྱི་འགག་རྩ་འཚོལ་བ། གཅིག་གྱུར་མཐུན་སྦྱོར་ལ་ཤུགས་བསྣན་ནས། ཁེ་ལས་ཀྱི་བུ་ལོན་གྱི་ཉེན་ཁ་སེལ་བའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། ཁོར་ཡུག་སྲུང་སྐྱོབ་དང་ཉེན་ཁ་མེད་པའི་ཐོན་སྐྱེད། བུ་ལོན་གཙང་འཇལ་སོགས་ཀྱི་ལས་དོན་བརྟན་པོའི་ངང་དམ་འཛིན་ཡག་པོ་བྱས་ཏེ། འབྱུང་སྲིད་པའི་ཉེན་ཁའི་ཚད་གཞི་དམའ་ཤོས་སུ་ཚོད་འཛིན་ཅི་ཐུབ་བྱེད་དགོས། སྔོན་རྩིས་དོ་དམ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། དངུལ་རྩའི་གྲུབ་ཚུལ་ལེགས་སྒྱུར་བྱེད་པ། སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་དམིགས་ཏེ། ཁེ་ལས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།

གཡང་སྐྱིད་ཀྱིས་བསྒྱུར།