རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་གཞི་སྒྲུབ་པའི་བཞུགས་མོལ་ཚོགས་འདུ་བསྡུས།


ཟླ་བཅུ་བའི་ཚེས་བཅུ་བཞི་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་གཞི་སྒྲུབ་པའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་ཚོགས་པའི་རིང་ལ། མཐོ་སྒང་ས་ཁུལ་གྱི་ལྗང་མདོག་འཕེལ་རྒྱས་སྐུལ་འདེད་བཅའ་ཁྲིམས་བཟོ་རྒྱུའི་སྐོར་གྱི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་གཞི་སྒྲུབ་གཉེར་བྱས་ཚུལ་ངོ་སྤྲོད་བྱས། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཝང་ཧུང་ཡའོ་ཡིས་ཚོགས་འདུར་འགོ་འཛིན་བྱས་ཏེ་གྲོས་གཞི་བསྒྲུབས་ཚུལ་ངོ་སྤྲོད་བྱས། ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རུང་གིས་གྲོས་གཞིའི་གནས་ཚུལ་ངོ་སྤྲོད་བྱས། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ལྟ་ཞིབ་དང་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཧན་ཞའོ་ཝུའུ་དང་། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཁྲིན་ལིས་ཧྥུང་། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་ཀྲང་ཡུང་ལིས་སོགས་བཞུགས་མོལ་ཚོགས་འདུར་ཞུགས།

ཝང་ཧུང་ཡའོ་ཡིས་བཤད་རྒྱུར། མཚོ་བོད་མཐོ་སྒང་དང་ནང་སོག་མཐོ་སྒང་། ཡུན་ཀུའེ་མཐོ་སྒང་། ས་སེར་མཐོ་སྒང་བཅས་ལ་སྐྱེ་ཁམས་ཁོར་ཡུག་གི་ནུས་པ་ཧ་ཅང་གལ་ཆེན་ལྡན་ཡོད་པས། རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་བརྟན་པོ་ཞིག་ཡིན། མཐོ་སྒང་ས་ཁུལ་གྱིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཁྲིད་ཕྱོགས་སུ་འཛིན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་དང་མཐོ་སྒང་ས་ཁུལ་གྱི་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་པ། ས་ཁོངས་འཕེལ་རྒྱས་མཐུན་སྦྱོར་མིན་པ་དང་དོ་མཉམ་མིན་པ། གང་ལེགས་མིན་པ་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བར་དོན་སྙིང་དང་ནུས་པ་གལ་ཆེན་ལྡན། མཚོ་སྔོན་འཐུས་ཚབ་ཚོགས་པས་ལོ་གཉིས་ཀྱི་རིང་ལ་བསྟུད་མར་འབྲེལ་ཡོད་གྲོས་གཞི་བཏོན་ནས། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་ཆ་ཚང་བཟོས་པར་བརྟེན་ནས་མཐོ་སྒང་ས་ཁུལ་གྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པར་བཤད་པ་དེ་ནུབ་རྒྱུད་གསར་སྤེལ་ཆེན་མོ་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་དང་ཚད་མཐོའི་གཅིག་མཐུན་བྱུང་ཡོད་པར་མ་ཟད། ཁྲིམས་འཛུགས་འདུ་ཤེས་ཀྱི་སྟེང་ནས་བཤད་ན་གསར་གཏོད་དང་ཐོད་བརྒལ་ཞིག་ཡིན་ལ། ཤིན་ཏུ་གལ་ཆེ་བའི་ཞིབ་འཇུག་བྱ་གཞི་ཞིག་ཀྱང་ཡིན་ཟེར།

ཀྲང་ཀོང་རུང་གིས་ནན་གྱིས་བསྟན་དོན། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་འཐུས་མིའི་གྲོས་གཞི་དང་གྲོས་འགོ་སྒྲུབ་གཉེར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གིན་ཡོད། ཐེངས་འདིའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་བཞུགས་མོལ་ཚོགས་འདུ་བསྡུས་ནས་ངོ་ཐུག་གདོང་འཕྲད་ཀྱིས་འཐུས་མིའི་བསམ་འཆར་ལ་ཉན་པར་མ་ཟད། གྲོས་གཞི་སྒྲུབ་གཉེར་བྱེད་པའི་ཐོག་མའི་བསམ་འཆར་ཕྱིར་ལྡོག་བྱས་ཏེ། མཇུག་འབྲས་ལ་མཐོང་ཆེན་དང་བརྒྱུད་རིམ་ལ་མཐོང་ཆེན་བྱས་པ་འདིའི་སྟེང་ནས། འཐུས་མིར་བརྩི་འཇོག་དང་གྲོས་གཞི་སྒྲུབ་པའི་ལས་ཀར་མཐོང་ཆེན་དང་ནན་ཏན་ཞིབ་ཚགས་ཀྱི་ལས་ཀའི་སྤྱོད་ཚུལ་གང་ལེགས་མཚོན་ཡོད། ས་གནས་དམངས་ཆེན་ལ་ཚད་ཤིང་བཙུགས་ནས་མིག་དཔེ་བསྟན་ཡོད་ཟེར།