ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་པ།

ཟླ་བཅུ་བའི་ཚེས་བཅུ་དྲུག་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་བརྙན་རིས་ཀྱི་རྣམ་པ་བརྒྱུད་དེ་འགོ་མཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། དུས་ཚིགས་སྔོན་མ་གསུམ་གྱི་དཔལ་འབྱོར་གནས་བབ་དང་གཏན་འཇགས་དྲུག་དང་འགན་སྲུང་དྲུག་གི་གྲུབ་འབྲས་ལ་དབྱེ་ཞིབ་བྱས་པ་དང་། གོ་རིམ་རྗེས་མའི་བྱ་བ་གཙོ་བོར་བཀོད་སྒྲིག་བྱས་ལ། འཛིན་དཔང་དབྱེ་ཕྲལ་བཅོས་སྒྱུར་དང་ཐིག་གསུམ་དང་གསལ་ཁྲ་གཅིག་བཟོ་བ། རྒྱལ་ཁོངས་བར་སྟོང་འཆར་འགོད་སོགས་བྱ་བར་ཞིབ་འཇུག་བྱས།

ཚོགས་ཐོག་ནས་བསྟན་དོན། ད་ལོར། མཚོ་སྔོན་ཞིང་ཆེན་གྱི་གོང་འོག་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་འགོག་བཅོས་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་བྱས་ལ། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་བཅོས་དམ་འཛིན་བྱས་པའི་སྔོན་འགྲོའི་འོག འགན་སྲུང་དྲུག་དང་གཏན་འཇགས་དྲུག་གི་བྱ་བ་མཐའ་གཅིག་ཏུ་དམ་འཛིན་བྱས་པས། འགན་སྲུང་གི་ཚད་མཐའ་སྔར་ལས་ཇེ་བརྟན་དུ་བཏང་བ་དང་། གཏན་འཇགས་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་བཏང་ལ། འཕེལ་རྒྱས་ཀྱི་བར་སྟོང་སྔར་ལས་རྒྱ་བསྐྱེད་ན་ཡང་། དཀའ་ཁག་དང་འགྲན་རྩོད་མང་པོར་འཕྲད་ཡོད་པས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། རྩོད་སྒྲུབ་ངང་གནས་བབ་ལ་བལྟ་བ། གོ་སྐབས་འདུ་ཤེས་དང་ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། རྒྱལ་ཁབ་ཀྱི་ཆེ་ཕྱོགས་སྲིད་ཇུས་ཀྱི་གོ་སྐབས་བཀོལ་སྤྱོད་བཟང་བོ་བྱེད་དགོས། གཙོ་གནད་ལ་དམ་དུ་དམིགས་པ་དང་། སྟོབས་ཤུགས་ཡོད་རྒུས་དམིགས་འབེན་འགན་སྲུང་བྱེད་པ། ལས་ཞུགས་དམ་འཛིན་དང་དམངས་ཚིས་འགན་སྲུང་བྱེད་པ། སྐྱེ་ཁམས་དམ་འཛིན་དང་ཁོར་ཡུག་ལེགས་སྒྱུར་བྱེད་པ། སྲ་བརྟན་དམ་འཛིན་བྱེད་པ་དང་མཁྲེགས་གཏོར་ལ་སྐུལ་འདེད་གཏོང་བ། དངུལ་གཏོང་དམ་འཛིན་དང་འཛད་སྤྱོད་རྒྱ་བསྐྱེད་དེ། གཏན་འཇགས་དྲུག་གི་བྱ་བ་བཟང་བོར་སྒྲུབ་པ་དང་། འགན་སྲུང་དྲུག་གི་ལས་འགན་ལག་བསྟར་བྱེད་དགོས། འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་དང་། གཅིག་གྱུར་འཆར་འགོད་དང་ཕྱོགས་གཉིས་ལྟ་རྟོག་སྒོས་ལག་བསྟར་དམ་འཛིན་བྱེད་པ། དམིགས་འབེན་གྱི་ཁྲིད་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས། འཕེལ་རྒྱས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། དམིགས་འབེན་ལས་འགན་གལ་ཆེན་ཡོངས་འགྲུབ་བྱེད་པ། མིག་སྔའི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པ། ཀྲུང་དབྱང་གི་སྐོར་ཞིབ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་ཞིབ་ཆེན་པོར་གཞོགས་འདེགས་ནན་མོ་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་ཁྲོད་འདྲེས་པར་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པ་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་མཇུག་བཟང་བོར་བསྡུ་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། འཛིན་དཔང་དབྱེ་ཕྲལ་གྱི་བཅོས་སྒྱུར་སྤེལ་བ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་པ་དང་། གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པ། ཚོང་རའི་གསོན་ཤུགས་སྔར་ལས་རྒྱ་བསྐྱེད་པའི་བྱེད་ཐབས་གཙོ་བོ་ཡིན་པས། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་འཐབ་ཇུས་ཀྱི་མཐོ་ཚད་ནས། བྱ་བའི་འགན་འཁྲི་གསལ་ཁྲའི་དོ་དམ་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ་དང་། བྱ་བ་སྒྲུབ་སྐབས་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ། ཁེ་ལས་དང་འབྲེལ་བའི་བདག་གཉེར་ཆ་འཕྲིན་གཅིག་སྡུད་མཉམ་སྤྱོད་ལ་ཤུགས་བསྣན་ནས། འཛིན་དཔང་དབྱེ་ཕྲལ་གྱི་བཅོས་སྒྱུར་ཁྱོན་ཡོངས་སུ་ཁེབས་པར་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། ཐིག་གསུམ་དང་གསལ་ཁྲ་གཅིག་གི་སྒྲིག་བཟོ་བྱ་བ་བཟང་བོར་སྒྲུབ་པ་ནི། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དོ་དམ་གྱི་ཚུལ་བསྒྱུར་བ་དང་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་འཛུགས་པ་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་ཐད་དོན་སྙིང་གལ་ཆེན་ལྡན་པས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་ཐིག་གསུམ་དང་གསལ་ཁྲ་གཅིག་གི་སྒྲིག་བཟོ་བྱ་བ་བཟང་བོར་སྒྲུབ་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ནས། ཧུར་ཐག་གིས་ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་དང་འཚོ་བའི་རྣམ་པ་གྲུབ་པར་རྨང་གཞི་བརྟན་པོ་འདིང་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལམ་ལུགས་དང་རྨོ་ཞིང་སྲུང་སྐྱོབ་ལམ་ལུགས། ས་ཞིང་གྲོན་ཆུང་སྒོས་བཀོལ་སྤྱོད་བྱེད་པའི་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དམར་མཚམས་དང་ཡུན་རིང་གཞི་རྩའི་ཞིང་ས། གྲོང་གསེབ་ཀྱི་ས་མཚམས་གཏན་ཁེལ་གསལ་བོ་བྱས་ཏེ། ཚན་རིག་དང་མཐུན་པ་དང་ལུགས་དང་མཐུན་པ། གོ་རིམ་ལྡན་པའི་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་བར་སྟོང་གྲུབ་ཚུལ་མ་ལག་གྲུབ་པར་སྣེ་ཁྲིད་བྱེད་དགོས་ཟེར།

ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།

གཡང་སྐྱིད་ཀྱིས་བསྒྱུར།