ས་མཐོ་ཞིང་གྲང་ངར་ཆེ་བའི་ས་ཁུལ་གྱི་གཏེར་རིའི་སྐྱེ་ཁམས་ཁོར་ཡུག་སླར་གསོ་ཡི་མ་དཔེ་བསྐྲུན་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ནི་བྱས་རྗེས་དེང་འདིར་བཞག་ན་ཕན་པ་སྐལ་བརྒྱར་ཐོན་པའི་བྱ་གཞག་ཅིག་ཡིན། འདིའི་ཕྱོགས་ནས་ང་ཚོ་ལ་གདམ་ག་གཞན་མེད། མུ་རི་གཏེར་ཁུལ་དང་། མདོ་ལ་རི་བོའི་ལྷོ་ངོས་ལས་མཚོ་སྔོན་ས་ཕྱོགས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ནི་ཛ་དྲག་གི་དམག་འཐབ་ཅིག་ཡིན་ལ། འགག་གཏོར་གྱི་འཐབ་རྩོད་ཅིག་ཀྱང་ཡིན་པས། ང་ཚོས་མུ་མཐུད་ནས་ཀུན་སྤྱོད་དག་ཐེར་ཀྱི་བཀའ་རྒྱ་བརྩི་སྲུང་ནན་མོ་དང་། ཀུན་མཐུན་ལུགས་མཐུན་གྱི་སྒོ་ནས་མུ་རིའི་གཏེར་ཁུལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་གི་འགག་གནད་གཏོར་ཏེ། ས་མཐོའི་གྲང་ངར་ཆེ་སའི་གཏེར་རིའི་སྐྱེ་ཁམས་ཁོར་ཡུག་སླར་གསོའི་མ་དཔེ་བསྐྲུན་ནས་ཁོར་ཡུག་སྲུང་སྐྱོང་གི་ཐད་རྒྱུགས་ལན་ཚད་ལྡན་ཞིག་སྤྲོད་པར་འགན་ལེན་བྱ་དགོས།

སྣོད་བཅུད་ཁོར་ཡུག་ནི་ཏང་གི་འགན་འཁྲི་དང་དམིགས་འབེན་ལ་འབྲེལ་བའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཞིག་ཡིན་ལ། དམངས་ཚིས་ལས་དོན་ལ་འབྲེལ་བའི་སྤྱི་ཚོགས་ཀྱི་གནད་དོན་གལ་ཆེན་ཞིག་ཀྱང་ཡིན། མདོ་ལ་རི་བོ་ས་ཁུལ་ནི་རང་རྒྱལ་གྱི་ནུབ་ཕྱོགས་ས་ཁུལ་གྱི་སྐྱེ་ཁམས་བདེ་འཇགས་སྲུལ་ཡོལ་གལ་ཆེན་ཡིན་པ་དང་། རྨ་ཆུའི་འབབ་རྒྱུད་ཀྱི་ཆུ་ཁོངས་གལ་ཆེན་ཡང་ཡིན། ང་ཚོས་དུས་དང་རྣམ་པ་ཀུན་ཏུ“སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་ཏན་ཏིག་བྱེད་དགོས་པའི”བླང་བྱ་གལ་ཆེན་ཡིད་ལ་དམ་པོར་འཆང་ནས་ཞིང་ཆེན་གྱི“ཆེ་ཤོས་གསུམ”གྱི་ངེས་གནས་སྟངས་འཛིན་དམ་འཛིན་དགོས་པ་དང་། དམིགས་འབེན་གྱི་འོས་འགན་གསལ་འབེབས་བྱས་ནས་མཐོ་སྒང་གི་ས་མཐོ་གྲང་ངར་ཆེ་སའི་གཏེར་རིའི་སྐྱེ་ཁམས་ཁོར་ཡུག་སླར་གསོའི་མ་དཔེ་བཏོད་དགོས།

ལག་ལེན་གྱིས་ང་ཚོར་ར་སྤྲོད་བྱུང་བ་ནི། དཔལ་འབྱོར་གོང་དུ་སྤེལ་དགོས་ན་སྐྱེ་ཁམས་བློས་བཏང་ནས་སྤེལ་མི་རུང་སྟེ། མ་གཞི་སྐྱེ་ཁམས་ནི་དཔལ་འབྱོར་ཡིན་པ་དང་། འཕེལ་རྒྱས་ཀྱི་ཐོན་སྐྱེད་ནུས་ཤུགས་ནི་སྐྱེ་ཁམས་སྲུང་སྐྱོབ་ཡིན། མུ་རི་གཏེར་ཁུལ་གྱི་ཁྲིམས་འགལ་སྔོག་འདོན་གྱི་གནད་དོན་ལ་དམིགས་ནས་ང་ཚོས“ཟླ་གཉིས་ནང་རྨང་གཞི་འདིང་བ་དང་། ལོ་དང་པོར་སྒྲིག་གཞི་བཙུགས་ནས་འགན་སྲུང་ནན་མོ་བྱེད་པ། ལོ་གཉིས་ནང་ལྗང་མདོག་ཏུ་བསྒྱུར་བ། ལོ་གསུམ་ནང་སྤྱི་གླིང་གི་རྣམ་པ་ཆགས་སུ་འཇུག་དགོས་པའི”དམིགས་འབེན་གཞིར་བཟུང་ནས་སྔོན་ལ་དག་ཐེར་དང་། སླར་གསོ་གཙོར་བཟུང་ནས་ཕུགས་ཕན་གྱི་ནང་རྐྱེན་ལམ་ལུགས་ཆ་ཚང་ཞིག་བཙུགས་ནས་འགན་འཁྲིའི་གསལ་ཐོ་ལག་བསྟར་དོན་འཁྱོལ་བྱས་ཏེ། དུས་དང་གོ་རིམ་མ་འཆོལ་བར་རྒྱུ་སྤུས་ལེགས་པོའི་སྒོ་ནས་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་འགན་སོ་སོ་ལེགས་འགྲུབ་ལ་འགན་ལེན་བྱ་དགོས།

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ནི་མ་གཞི་ཐོན་སྐྱེད་ནུས་ཤུགས་ལ་སྲུང་སྐྱོབ་བྱེད་པ་ཡིན་པས་དེ་དང་ཆུ་དྭངས་རི་སྔོ་ནི་གསེར་རི་དང་དངུལ་རི་ཡིན་པའི་བསམ་བློ་བར་འགལ་བ་གཏན་ནས་མེད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ལ་གོ་བ་ཟབ་མོ་བླངས་ནས་ལག་ལེན་དོན་ལ་སྨིན་པ་བྱས་ནས“འདུ་ཤེས་བཞི”ཇེ་ཆེར་དང“གདེང་ཚོད་བཞི”ཇེ་བརྟན།“ སྲུང་སྐྱོང་གཉིས”དམ་འཛིན་བྱས་ཏེ། བསམ་སྤྱོད་གཉིས་ཏང་ཀྲུང་དབྱང་གི་ཇུས་ཆོད་དང་བཀོད་སྒྲིག ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་བྱ་བའི་བླང་བྱ་ཐོག་གཅིག་གྱུར་ཡོང་དགོས་པ་དང་། དམིགས་འབེན་འོས་འགན་གསལ་འབེབས་བྱས་ཏེ། ཟླ་གཉིས། ལོ་དང་པོ། གཉིས་པ། གསུམ་པ་ལ་སོགས་པའི་དུས་ཚོད་དང་དུས་ཚིགས་སོ་སོའི་དུས་རིམ་རང་བཞིན་གྱི་འོས་འགན་དམིགས་སུ་བཟུང་ནས་རྣམ་གྲངས་རེ་རེ་བཞིན་དམ་འཛིན་དང་། ལས་དོན་རེ་རེ་བཞིན་ནན་གྱིས་བསྒྲུབ་ནས་རེ་རེ་བཞིན་ལེགས་པོར་འགྲུབ་པར་འགན་ལེན་བྱ་དགོས། འཐབ་ས་དང་པོ་ནས་གཞུང་ལས་སྒྲུབ་པ་དང་། འཐབ་ས་དང་པོ་ནས་གནད་དོན་འཚོལ་བ། འཐབ་ས་དང་པོ་ནས་གནད་དོན་ཐག་གཅོད་བཅས“འཐབ་ས་དང་པོའི་ལས་ཀ་བྱེད་ཐབས”ལག་བསྟར་བྱས་ཏེ། དམིགས་གཏད་འཐབ་རྩོད་དང་། སྐུལ་འདེད་ཏན་ཏིག གཅིག་ལ་གཅིག་བརྟེན་གྱི་སྒོ་ནས་དུས་ཚོད་དམ་འཛིན་ཐོག་ཡུལ་ཕྱོགས་ལ་བདེ་སྐྱིད་བསྐྲུན་པའི་འགན་སེམས་བརྟན་པོ་ཕྱོགས་བསྡུས་དག་ཐེར་བྱ་བའི་འཐབ་རྩོད་ཀྱི་སྟོབས་ཤུགས་སུ་བསྒྱུར་ནས་ལྷིང་འཇགས་དང་། འཆམ་མཐུན། ཡིད་འོང་གི་རང་བྱུང་མཛེས་ལྗོངས་ང་ཚོ་དང་གཏན་དུ་གནས་ཐུབ་པར་བྱ་དགོས་ཞེས་གསུངས། 

ཁོན་ཐར་འཚོས་བསྒྱུར།