འཁྲབ་ཁྲིད་པ་པད་མ་ཚེ་བརྟན་གྱི་གློག་བརྙན་བརྩམས་ཆོས«དབུགས་ལྒང»ཟླ11པའི་ཚེས20ཉིན་རྒྱལ་ཡོངས་ནས་དངོས་སུ་སྟོན་རྒྱུ་ཡིན་པ།

དེ་རིང་ང་ཚོས་གཏམ་བཟང་ཞིག་ཞུ་འདོད་པ་ནི། ཉེ་བའི་ལོ་འདི་གཉིས་ཀྱི་ནང་རྒྱལ་ཁབ་ཕྱི་ནང་གཉིས་སུ་གྲགས་སྐད་ཆེ་བའི་བོད་ཀྱི་གློག་བརྙན ༼ དབུགས་ལྒང ༽ཞེས་པ་སྤྱི་ཟླ༡༡པའི་ཚེས་༢༠ཉིན་ལྟ་མཁན་ཁྲི་སྟོང་གི་རེ་ལྟོས་བཞིན་དུ་རྒྱལ་ཡོངས་སུ་ཡོངས་ཁྱབ་གཟིགས་འབུལ་བྱ་རྒྱུར་གཏན་འཁེལ་བྱས་པ་དེ་རེད། གློག་བརྙན་འདི་ནི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་གཞུང་དང་འཁྲབ་ཁྲིད། བསོད་ནམས་དབང་མོ་དང་སྤྱིན་པ། གཡང་ཕྱུག་འཚོ་གསུམ་གྱིས་གཙོ་འཁྲབ་བྱས་པའི་གཏམ་རྒྱུད་གློག་བརྙན་བདུན་པར་ཆགས་འདུག

གློག་བརྙན་འདི་ནི་དབུགས་ལྒང་དཀར་དམར་གཉིས་ཀྱི་མཚོན་ཐབས་སྤྱད་ནས་མི་དང་མིའི་བར་གྱི་དཀྱེལ་ཡངས་དང་། བཟོད་སྒོམ། ཞི་འཇམ། སྐྱེས་འཕེལ། འཚོ་གནས་སོགས་ཕལ་བའི་མིའི་ཚེ་སྲོག་ཕྲ་མོའི་རེ་སྒུག ཡང་གློག་བརྙན་ཁྲོད་ཀྱི་བྱིས་གཉིས་ཀྱིས་རྩེད་སྤྱད་དུ་རློམ་པའི་སྲུང་ཤུབས་དཀར་པོ་ནི་གཏིང་ཟབ་པའི་ཤུགས་བསྟན་དང་ཡིད་བརྙན་གྱིས་འགྲེལ་བ་ཏན་ཏན་བྱས་ཆོག་པར་འདོད་དེ། དེར་མ་ཟད་དངོས་འཚོ་བའི་ཟུར་མང་པོ་ཞིག་སོ་སོའི་ནང་སེམས་ཀྱི་ཟབ་སར་ཉལ་བའི་དད་མོས་ཀྱི་འཆང་བར་ཚུད་འགྲོ་བར་སྲིད། དེ་བཞིན་དབུགས་ལྒང་དཀར་དམར་གཉིས་ནི་སྐབས་སྐབས་དང་བསྟུན་ནས་དབུགས་ཀྱིས་འགྲངས་བ་འགྲོ་བ་དང་། ཡང་ན དབུགས་ཤོར་འགྲོ་བ་ནི་ཚེ་སྲོག་ཅིག་གི་སྐྱེ་འཆི་དང་འདྲ་བར། མདོར་ན་དད་མོས་ཀྱི་ཐར་བ་ནི་ཅི་ལྟར་འདོད་ཀྱང་། མཐའ་མར་ཡང་བསྐྱར་དད་མོས་ཀྱི་འཆིང་རྒྱར་མི་ཚུད་རང་ཚུད་དུ་གྱུར་འགྲོ་བས། གཏམ་རྒྱུད་ཁྲོད་དུ་དངོས་ཡོད་སྣང་ཚུལ་དང་དད་མོས་ཀྱི་གནས་ལུགས་ཀྱིས་ཁེངས་འདུག

གློག་བརྙན ༼ དབུགས་ལྒང ༽ ནི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་ཐོག་དང་པོར་བུད་མེད་ཀྱི་འཚོ་བ་བརྗོད་བྱ་དང་། བོད་ཁྱིམ་ཕལ་བའི་བུད་མེད་བདག་མོའི་མཐོང་ཚོར་སྤྱད་ནས་གསར་རྩོམ་བྱས་པའི་དངོས་ཡོད་རིང་ལུགས་ཀྱི་བརྩམས་ཆོས་སུ་ཆགས་ཡོད་པར་མ་ཟད། བོད་ཁྱིམ་ཕལ་བའི་དད་མོས་དང་འཇིག་རྟེན་པའི་འཚོ་བའི་སྒྲིག་གཞིའི་འགལ་ཟླ་སོགས་མཚོན་པར་བྱས་ཡོད་པ་ཞིག་རེད། བརྩམས་ཆོས་འདི་ནི་འཁྲབ་ཁྲིད་པ་ཁོང་གི་བརྩམས་ཆོས་སྔ་ཁག་དང་བསྡུར་ན་གཏམ་རྒྱུད་གོ་བདེ་ལ། སྒྲིག་གཞི་ལྷོད་ཡངས་པ། དངོས་ཡོད་དང་ཡིད་འགུག་པའི་རྨི་ལམ། འཁྲུལ་སྣང་བཅས་ཡིད་ཀྱི་ཐབས་ལམ་གྱི་ཁྱད་ཆོས་ཡོད་པ་ཞིག་རེད།

གློག་བརྙན ༼ དབུགས་ལྒང ༽ ནི་སྔོན་གྱི་གློག་བརྙན ༼ ཐར་ལོ ༽ དང་། ༼ ལག་དམར ༽ གཉིས་ཀྱི་ལས་བཟོ་མི་སྣ་དག་ཡང་བསྐྱར་མཉམ་གཅིག་ཏུ་རུབ་ནས་ཕབ་སྐྲུན་བྱས་པ་དང་། དེ་ནི་དུས་རབས་སྔོན་མའི་ལོ་རབས་དགུ་བཅུའི་ནང་། གཏམ་རྒྱུད་ཀྱི་མི་སྣ་དར་རྒྱས་ཚང་ལ་ཆེས་སྤྱིར་བཏང་གི་སྲུང་ཤུབས་ཤིག་གིས་མཐུད་མར་དཀའ་གནད་རབ་དང་རིམ་པར་ཕྲད་དུ་བཅུག་པའི་གཏམ་རྒྱུད་ཅིག་བརྗོད་ཡོད་དེ། ཉིན་ཞིག དར་རྒྱས་ཀྱི་ཆུང་མ་སྒྲོལ་དཀར་ལ་མངལ་འཁོར། ཡིན་ཡང་། དངོས་ཡོད་འཚོ་བའི་དཀའ་གནད་སྣ་ཚོགས་ཀྱིས་སྒྲོལ་དཀར་གྱིས་རང་གི་མངལ་ཤོར་དུ་འཇུག་པར་འཆར་གཞི་འཐེན། འོན་ཀྱང་། སྲོལ་རྒྱུན་གྱི་བསམ་བློར་སེར་ཀ་འཆོར་མ་མྱོང་པའི་ཁྱོ་ག་དར་རྒྱས་ཀྱིས་ཆུང་མའི་མངལ་གྱི་ཕྲུ་གུ་དེ་ནི་རང་ཕའི་རྣམ་ཤེས་ཡིན་པར་རློམ་ནས་སྒྲོལ་དཀར་གྱི་འདོད་ཚུལ་ལ་དགག་པ་ཚ་ལན་སྤྲད། དེ་ལྟར། དངོས་ཡོད་ཀྱི་གནད་དོན་དང་། གནད་དོན་གྱིས་བསྐྱེད་པའི་གནོན་ཤུགས་ཀྱིས་མ་གཞིའི་འགྲིག་མཐུན་ཅན་གྱི་བཟའ་ཟླ་གཉིས་གནད་དོན་དང་འགལ་ཟླའི་ངམ་ཁར་དེད།

གལ་སྲིད་དད་མོས་དང་དངོས་ཡོད་འཚོ་བ་གཉིས་སུ་གཅིག་འདེམས་དགོས་ཚེ་ཅི་ལྟར་བྱ་དགོས་སམ། འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་བཤད་དོན། གཏམ་རྒྱུད་འདི་ནི་ཁོས་ཆེས་སྤྱིར་བཏང་གི་བོད་ཁྱིམ་ཕལ་བའི་འཚོ་བའི་ཁྲོད་ཕྲད་ཀྱིན་པའི་དཀའ་གནད་དང་། སྐྱེ་འཆི། འཁོར་བ།རྣམ་ཤེས། དད་མོས་སོགས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་རྨང་གཞིའི་ཐོག བུད་མེད་ཀྱི་འཚོ་བ་གཞིར་བྱས་ཏེ། སྐྱེས་འཕེལ་གྱི་ཐོབ་དབང་དང་བུད་མེད་ཀྱི་སད་རྟོགས། དེ་མིན་དད་མོས་དང་ནང་སེམས་ཀྱི་རེ་བལྟས་བར་གྱི་འགལ་ཟླ་སོགས་ང་ཚོས་དངོས་མཐོང་ལག་ཟིན་གྱི་ཟ་ཟུར་མང་པོ་མཚོན་པར་བྱས་ཡོད་ཟེར།

གཏམ་རྒྱུད་བརྗོད་ཐབས་སྟེང་ནས་གློག་བརྙན ༼ ལག་དམར ༽ གྱི་འཁྲུལ་སྣང་རང་བཞིན་གྱི་ཐབས་ལམ་དང་། ༼ ཐར་ལོའི ༽སྐྱ་བརྙན་གྱི་རྣམ་པ་དང་མི་འདྲ་བར། ཡང་བསྐྱར་ཕྱིར་དངོས་ཡོད་རིང་ལུགས་ཀྱི་ལམ་དུ་སྤོས་ཡོད་པ་ཞིག་རེད། དེ་མིན་བརྗོད་འདོད་པ་ཞིག་གི་ཐེངས་འདིར་བརྙན་རིང་གི་ཐབས་ལམ་སྤྱད་ནས་དངོས་ཡོད་རིང་ལུགས་ཀྱི་གཏམ་རྒྱུད་བརྗོད་ཐབས་ཀྱི་རྣམ་པ་ཐོག་རྨི་ལམ་དང་འཁྲུལ་སྣང་རང་བཞིན་གྱི་རྣམ་པ་ཡང་བསྣན་ཡོད་པས། ཡིད་བརྙན་གྱི་རིམ་པ་ཕུན་སུམ་ཇེ་ཚོགས་སུ་བཏང་འདུག དེ་ལ་རྒྱལ་ཁབ་ཕྱི་ནང་གཉིས་ཀྱི་བརྙན་དཔྱད་པས་པདྨ་ཚེ་བརྟན་ལགས་ཀྱི་བརྩམས་ཆོས་ཁྲོད་ཀྱི་ཆེས་གོ་སླ་བ་དང་། གཏམ་རྒྱུད་ཀྱི་སྒྲིག་གཞི་ལྷོད་ཡངས་པ། ནང་དོན་ཕུན་སུམ་ཚོགས་པ། སྒྲིག་སྦྱོར་གྱི་སྒྲིག་གཞི་ཆེས་མགྱོགས་པའི་བརྩམས་ཆོས་ཤིག་རེད་ཟེར།

གློག་བརྙན ༼ དབུགས་ལྒང ༽ ནི་པེ་ཅིང་ཧྲིན་ཐང་དུས་རབས་རིག་གནས་བརྒྱུད་སྒྲོག་ཚད་ཡོད་ཀུང་ཟི་དང་གུང་ཁྲང་ཏཱ་མིན(ཐེན་ཅིན)གློག་བརྙན་ལས་རིགས་ཚད་ཡོད་ཀུང་ཟི། མཚོ་སྔོན་མ་ཎི་རྡོ་འབུམ་གློག་བརྙན་ལས་རིགས་ཚད་ཡོད་ཀུང་ཟི་བཅས་ཀྱིས་མཉམ་དུ་བསྒྲུབས་ཤིང་། པེ་ཅིང་ཅིའུ་ཀྲོའུ་དབུས་ཁུལ་གྱི་ཨང་ཀིའི་གློག་བརྙན་ཁང་ཚད་ཡོད་ཀུང་ཟི་དང་། ཨའེ་ཆིའི་སྒྱུ་རྩལ་ལས་རིགས(པེ་ཅིང)ཚད་ཡོད་ཀུང་ཟི་གཉིས་ཀྱིས་མཉམ་འབྲེལ་ཐོག་བསྐྲུན་པ་ཞིག་ཡིན། ཁྲི་ཅོ(Rediance)ཡིས་ཕྱི་རྒྱལ་དུ་འགྲེམ་སྤེལ་བྱ་བའི་ལས་ཚབ་ཀྱི་འགན་ཁུར་ཡོད།