ཁ་ཐུམ་རྒྱག་དང་ལུས་དྲོད་བརྟག ལག་པ་བཀྲུ་བཅས་བདེ་ཐང་སྲུང་།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། དགུན་ཚུགས་པ་དང་བསྟུན་རིམས་ནད་སྣ་ཚོགས་འབྱུང་བའི་མཐོ་རླབས་སུ་སླེབས་སྐབས་འདིར། གསར་འགོད་པས་ཟི་ལིང་གྲོང་ཁྱེར་གྱི་སྡོད་དམངས་དག་གིས་རིམས་ནད་སྔོན་འགོག་བྱེད་པ་དང་ཆབས་ཅིག སྡོད་དམངས་ཀྱི་ཤེས་ཡོན་སྤུས་ཚད་དང་འགན་འཁྲིའི་འདུ་ཤེས་ཡང་ཇེ་ཆེར་བཏང་ཡོད་པ་མཐོང་། ཟི་ལིང་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་དང་གླ་གཏོང་རླངས་འཁོར་ནང་དུ་འགྲུལ་བ་འདུག་པའི་བརྒྱུད་རིམ་ཧྲིལ་བོར་ཁ་ཐུམ་བརྒྱབ་ཡོད་པ་མ་ཟད། ཚོང་ར་དང་སྒོ་རྩིས་ཁང་། སྨན་ཁང་། གློག་བརྙན་ཁང་སོགས་སྤྱི་གཞུང་ཡུལ་དངོས་སུ་ཡང་མི་རྣམས་ཀྱིས་རང་རྟོག་ངང་ཁ་ཐུམ་བརྒྱབ་ཡོད་པ་མ་ཟད། རང་འགུལ་སྒོས་ལུས་དྲོད་བརྟག་མཁན་གྱི་ཞིབ་བཤེར་དང་ལེན་བྱེད་བཞིན་ཡོད། སྡོད་དམངས་ཀྲང་ལེ་ཡིས་བཤད་རྒྱུར། “སྤྱི་སྤྱོད་རླངས་འཁོར་ལ་འདུག་པ་དང་ཚོང་ར་ལ་འགྲོ་བ། སྒོ་རྩིས་ཁང་ལ་འགྲོ་བ་བཅས་ཀྱི་སྐབས་སུ་ངེས་པར་དུ་ཁ་ཐུམ་རྒྱག་དགོས་ཤིང་། དེ་ལྟར་བྱས་ན་པྲོག་གསར་གློ་བའི་གཉན་ཚད་ཀྱི་ནད་དུག་དང་གློ་བའི་རིམས་ནད་སྔོན་འགོག་ཐུབ་པ་མ་ཟད། རིམས་ནད་འགོས་ཁྱབ་བྱེད་མི་ཐུབ་པ་འདི་ཡང་ཟི་ལིང་སྡོད་དམངས་དག་གི་དཔལ་ཡོན་གྱི་སྣང་བརྙན་ཕྱིར་མངོན་བྱས་པ་ཞིག་ཀྱང་ཡིན”ཟེར།

ཉིན་འདི་དག་གི་རིང་། གསར་འགོད་པས་ཟི་ལིང་གྲོང་ཁྱེར་གྱི་ཚོང་ར་ཆེན་པོ་མང་པོ་ཞིག་གི་ནང་དུ་ཚོང་རའི་ལས་བྱེད་མི་སྣ་དག་གིས་ནན་ཏན་སྒོས་ལུས་དྲོད་ལ་བརྟག་དཔྱད་བྱེད་བཞིན་ཡོད་པ་མ་ཟད། ཚོང་རར་ཉོ་ཚོང་དུ་འགྲོ་འོང་བྱེད་མཁན་སྡོད་དམངས་ཚང་མས་ཁ་ཐུམ་བརྒྱབ་ཡོད་ལ། རང་འགུལ་སྒོས་ལུས་དྲོད་བརྟག་དཔྱད་དང་ལེན་བྱེད་ཅིང་། དེའི་ཁྲོད་བསམ་གཟས་ནས་དང་ལེན་མི་བྱེད་མཁན་གཅིག་ཀྱང་མ་མཐོང་། ཚོང་ར་ཆེན་པོ་ཞིག་གི་ལས་བྱེད་མི་སྣས་གསར་འགོད་པ་ལ་བཤད་རྒྱུར། “ང་ཚོས་ད་བར་དུ་ཚོང་རའི་འཛད་སྤྱོད་མཁན་གྱི་ལུས་དྲོད་ལ་བརྟག་དཔྱད་བྱས་འོངས་པ་ཡིན་ལ། འཛད་སྤྱོད་མཁན་ཚང་མས་རང་འགུལ་ངང་བརྟག་དཔྱད་དང་ལེན་བྱེད་པ་མ་ཟད། དོན་དག་འདིའི་ཐད་ང་ཚོའི་བར་ལ་རྙོག་དྲ་བྱུང་བའི་དོན་དག་ཅི་ཡང་བྱུང་མ་མྱོང”ཟེར། སྒོ་རྩིས་ཁང་མང་པོ་ཞིག་ཏུ་མི་རྣམས་ཀྱིས་ཁ་ཐུམ་བརྒྱབ་ཡོད་པ་མ་ཟད། སྒོ་རྩིས་ཁང་གི་ལས་བྱེད་མི་སྣའི་ལུས་དྲོད་བརྟག་དཔྱད་བྱས་རྗེས་ད་བཟོད་རང་འདོད་ལྟར་སྒོ་རྩིས་ཁང་དུ་དངོས་རྫས་འདེམས་སྒྲུག་དང་རིན་དངུལ་སྤྲོད་བཞིན་ཡོད།

སྤྱི་སྤྱོད་རླངས་འཁོར་དང་གླ་གཏོང་རླངས་འཁོར་ལ་སྡོད་སྐབས། ཟི་ལིང་གྲོང་ཁྱེར་གྱི་སྡོད་དམངས་དག་གིས་སྔ་མོ་ནས་ཁ་ཐུམ་རྒྱག་པ་དང་ལམ་ཧྲིལ་པོར་ཁ་ཐུམ་གཏན་ནས་མི་ལེན་པ་རེད། གསར་འགོད་པ་རང་རེའི་ཟི་ལིང་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་སྐོར་ཞིག་ལ་སྡོད་སྐབས་མཐོང་གསལ་ལྟར་ན། སྤྱི་སྤྱོད་རླངས་འཁོར་དག་ས་ཚིགས་རེ་རེར་ཐོན་དུས་ལས་བྱེད་མི་སྣ་དག་གིས་ནན་ཏན་སྒོས་འགྲུལ་བ་དག་ལ་ཁ་ཐུམ་རྒྱག་དགོས་པ་གསལ་འདེབས་བྱེད་བཞིན་ཡོད། འགྲུལ་བ་མང་ཤོས་ཀྱིས་སྤྱི་སྤྱོད་རླངས་འཁོར་ལ་མ་བསྡད་པའི་ཡར་སྔོན་དུ་ཁ་ཐུམ་བརྒྱབ་ཡོད། འགྲུལ་བ་ཉུང་ཤོས་ཀྱིས་ཁ་ཐུམ་རྒྱག་རྒྱུ་བརྗེད་ཟིན་ན་ཡང་འགྲུལ་སྐྱེལ་ལས་བྱེད་མི་སྣའི་གསལ་འདེབས་འོག་མྱུར་དུ་ཁ་ཐུམ་རྒྱག་བཞིན་ཡོད། གླ་གཏོང་རླངས་འཁོར་གྱི་ཁ་ལོ་པ་ལིས་ཀྱིས་གསར་འགོད་པ་ལ་བཤད་རྒྱུར། “ད་ལྟ་ང་ཚོས་མི་རྣམས་ལ་ཁ་ཐུམ་རྒྱག་དགོས་ཞེས་གསལ་འདེབས་བྱ་མི་དགོས། གླ་གཏོང་རླངས་འཁོར་ལ་སྡོད་པའི་འགྲུལ་བ་དག་གིས་རང་འགུལ་སྒོས་ཁ་ཐུམ་བརྒྱབ་སྟེ་གླ་གཏོང་ལ་འདུག་བཞིན་ཡོད་པས། འདི་ལྟར་བྱས་ན་ང་ཚོའི་སེམས་བདེར་འབབ་ཐུབ་པ་མ་ཟད། གློ་བའི་གཉན་ཚད་ཀྱི་རིམས་ནད་འགོ་པ་ཡང་སེམས་ཁུར་བྱེད་མི་དགོས”ཟེར།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།