རང་ཞིང་གིས་སྒོར་དུང་ཕྱུར22ལ་ཉེ་བ་བཏང་སྟེ་མང་ཚོགས་དཀའ་ངལ་ཅན་གྱི་མ་མཐའི་འཚོ་བའི་འགན་སྲུང་དྲ་བ་ཚགས་དམ་པོར་བཟོས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ད་ལོའི་དབུལ་སྒྲོལ་འགག་གཏོར་ལ་ཆེས་མཐའ་མཇུག་གི་རྒྱལ་ཁ་ལེན་པའི་འོས་འགན་དམིགས་འབེན་ཕྱོགས་ཡོངས་ནས་མངོན་འགྱུར་བྱ་ཆེད། ཟླ་དགུ་པའི་ཟླ་མཇུག་གི་བར། ཞིང་ཆེན་དམངས་སྲིད་སྡེ་ཚན་གྱིས་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་མི་ཁྲི6.25དང་། ཞིང་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་མི་ཁྲི30.88། དམིགས་བསལ་དབུལ་སྐྱོར་བྱ་ཡུལ་མི་ཁྲི1.74། གནས་སྐབས་རོགས་སྐྱོར་བྱ་ཡུལ་མི་ཁྲི34.6བཅས་ལ་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར21.72བཏང་སྟེ། དམངས་ཚིས་འགན་སྲུང་གི་དྲ་བ་ཚགས་དམ་པོར་བཟོས་ནས་མང་ཚོགས་དཀའ་ངལ་ཅན་གྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་ཇེ་ཆེར་བཏང་།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་གི་ཁྱིམ་ཚང་གི་རྒན་གསོ་ཞབས་ཞུ་ལྟེ་གནས་ཀྱི་ཟུར་ཞིག 

ཟླ10པའི་ཚེས12ཉིན་གསར་འགོད་པས་ཞིང་ཆེན་དམངས་སྲིད་ཐིང་ནས་ཤེས་གསལ་ལྟར་ན། ད་ལོ་ནས་བཟུང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་དཀའ་ངལ་ཅན་གྱི་རོགས་སྐྱོར་འགན་སྲུང་ཚད་གཞི་མུ་མཐུད་ནས་ཇེ་མཐོར་བཏང་སྟེ་མང་ཚོགས་དཀའ་ངལ་ཅན་གྱི་རོགས་སྐྱོར་འགན་སྲུང་ཚད་གཞི་དེ10%ལས་ཉུང་མི་རུང་བའི་སྡུར་ཚད་ལྟར་ཇེ་མཐོར་བཏང་ཞིང་། དེ་ལས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགན་སྲུང་ཚད་གཞི་ཟླ་རེར་སྒོར640དང་ལོ་རེར་སྒོར4800རུ་ཇེ་མང་དུ་བཏང་ཡོད། དམིགས་བསལ་དཀའ་ངན་ཅན་གྱི་གཞི་རྩའི་འཚོ་བར་རོགས་སྐྱོར་བྱེད་པའི་ཚད་གཞི་དེ་ལོ་རེར་སྒོར11520རེ་ཡོད། དཀའ་ངལ་གྱི་ཚད་ཡང་བ་ལ་ཟླ་རེར་སྒོར340རེ་དང་། འབྲིང་ཤོས་ལ་ཟླ་རེར་སྒོར510རེ། ཚབས་ཆེ་ཤོས་ལ་ཟླ་རེར་སྒོར850རེ་སྤྲོད་ཀྱིན་ཡོད་པ་མ་ཟད། སྐབས་འཕྲལ་རོགས་སྐྱོར་བྱེད་ཚད38400ལ་བསླེབས་ཡོད།

རིམས་འགོག་གི་དམིགས་བསལ་དུས་སྐབས་སུ་མང་ཚོགས་དཀའ་ངལ་ཅན་ལ་རོགས་སྐྱོར་འགན་སྲུང་བྱེད་པའི་ཁྲོད་དུ་ཞིང་ཆེན་དམངས་སྲིད་སྡེ་ཚན་དང་རིམས་ནད་འགོག་འཛིན་བཅོས་གསུམ་བཀོད་འདོམས་པུའུ་གཉིས་ཀྱི་མིང་ཐོག་ནས་སྲིད་ཇུས་ཀྱི་ཡིག་ཆ་བརྒྱད་སྔ་རྗེས་སུ་བཀྲམ་ཞིང་། ལས་ཀ་བྱེད་ཐབས་ཕན་ལྡན་སྤྱད་དེ་མང་ཚོགས་དཀའ་ངལ་ཅན་གྱི་སྐབས་འཕྲལ་རོགས་སྐྱོབ་ལ་ཤུགས་བསྣན་པ་དང་། མ་མཐའི་འཚོ་བའི་འགན་སྲུང་ལ་འཐོས་ཤོར་མི་ཡོང་བའི་སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་པར་བྱས་ནས“འགན་སྲུང་དགོས་པ་འགན་སྲུང་ཅི་ནུས་དང་། རོགས་སྐྱོབ་དགོས་པ་རོགས་སྐྱོར་ཅི་ཐུབ”བྱས། རིམས་འགོག་གི་སྐབས་སུ་སྔ་རྗེས་སུ་སྤྱི་ཚོགས་སྟེང་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར9.53བཀྲམས་ཏེ་མང་ཚོགས་དཀའ་ངལ་ཅན་ཁྲི165.6(མི་ཐེངས)ལ་ཕན་བཏེགས་ལ། སོ་སོ་ལོ་སྔོན་མའི་དུས་མཉམ་དང་བསྡུར་ན145%དང་209%འཕར་སྣོན་བྱུང་ཡོད།

གཞན་དབུལ་པོའི་མི་འབོར་གྱི་གཞི་རྩའི་འཚོ་བའི་ལྟ་ཞིབ་ཚད་ལེན་གྱི་ནང་རྐྱེན་ལམ་ལུགས་ཆ་ཚང་བཟོས་ཏེ། དམིགས་སུ་ལྟ་སྐུལ་ནན་མོའི་ཐོག་དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་དབུལ་ཁྱིམ་དང་དབུལ་མི་གཅིག་ཀྱང་མི་ལུས་པའི་ལས་ཀའི་དམིགས་འབེན་མངོན་འགྱུར་བྱས། ཞིང་ཆེན་ཡོངས་སུ《2020ལོའི་མཚོ་སྔོན་ཞིང་ཆེན་གྱི་དབུལ་སྒྲོལ་འགག་གཏོར་ལ་སྤྱི་ཚོགས་ཀྱི་རོགས་སྐྱོབ་བྱེད་པར་འཐུས་ཤོར་མི་འབྱུང་བའི་འགན་སྲུང་ལས་འགུལ་ལག་བསྟར་ཇུས་གཞི》གཙོ་བྱས་པའི“1+3+n”ཡི་སྤྱི་ཚོགས་རོགས་སྐྱོར་འཐུས་ཤོར་མི་ཡོང་བའི་དབུལ་སྒྲོལ་བྱ་བའི་རྣམ་གཞག་ཆགས། ཟླ1པོ་ནས་ཟླ9བའི་བར་དུ་ཞིང་ཆེན་ཡོངས་ནས་ཞིང་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་གྱི་གྲས་ནས་མི་ཁྲི2.08ཕྱིར་བུད་པ་དང་།མི་ཁྲི3.57མ་མཐའི་འཚོ་བའི་འགན་སྲུང་གི་གྲས་སུ་བླངས།

འདིར་གླིང་རིན་ཡོད་པ་ཞིག་ལ། ཞིང་ཆེན་ཡོངས་ཀྱི་དམངས་སྲིད་སྡེ་ཚན་གྱིས་སྤྱི་ཚོགས་རོགས་སྐྱོབ་ཀྱི“གློད་སྡོམ་ཞབས”གསུམ་བཅོས་སྒྱུར་བྱ་བ་གཏིང་ཟབ་ཏུ་སྤེལ་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་གི་མཆན་འགོད་དབང་ཆ་བཅོས་སྒྱུར་ཚོད་ལྟ་བྱ་ཡུལ་ལ་སྤྲད་པའི་ཁྱབ་ཁོངས་ཇེ་ཆེར་བཏང་བ་དང་། ཞིང་ཡོངས་ཀྱི་རྫོང29ཚོད་ལྟ་བྱ་ཡུལ་ས་ཁུལ་དུ་གཏན་འཁེལ་བྱས་ནས་མ་མཐའི་འཚོ་བའི་འགན་སྲུང་གི་མཆན་འགོད་དང་ལྟ་རྟོག་བྱེད་སྟངས་དང་། ནང་དོན་གཙོ་བོ། འགན་སྲུང་བྱེད་ཐབས་འཚོལ་ཞིབ་ཧུར་ཐག་བྱས། མ་དངུལ་སྒོར་ཁྲི29བཏང་སྟེ་སྤྱི་ཚོགས་རོགས་སྐྱོབ་ལ་སྙན་ཞུ་རྒྱག་མཁན་གྱི་མི་ངོ་ངོས་འཛིན་མ་ལག་དང་རོགས་སྐྱོབ་སྙན་ཞུ་ཡིAPPམ་ལག་གསར་དུ་བཟོས་ནས་མང་ཚོགས་དཀའ་ཅན་གྱི་འགྲོ་ལུགས་སྒྲུབ་ཚུལ་སྟབས་བདེར་བཟོས་ཡོད་པ་རེད།

ཁོན་ཐར་འཚོས་བསྒྱུར།