དུར་ལམ་རྫོང་གིས“སྐར་མའི་ལམ་ལུགས”ལ་བརྟེན་ནས་ཞིང་སྡེའི་བཅོས་སྐྱོང་བདག་དོམ་ཐད་ལ་སྒུལ་ཤུགས་གསར་པ་བསྣན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ། ཞིང་སྡེ་དར་རྒྱས་ཀྱི་འཐབ་ཇུས་དེ་ཞིང་ཕྱུགས་ལས་ས་ཁུལ་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ལ་སྐུལ་འདེད་གཏང་ཆེད། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུར་ལམ་རྫོང་གིས་འབའ་ལུང་ཡུལ་ཚོ་ཚོད་ལྟ་བྱེད་ཡུལ་དུ་བཟུང་ནས། གཞི་རིམ་ཏང་རྩ་འཛུགས་དང་ཞིང་སྡེ་དར་རྒྱས། ཡུལ་ཚོའི་ཤེས་ཡོན། མི་རིགས་མཐུན་སྒྲིལ་སོགས“སྐར་མའི་ལམ་ལུགས”ཀྱི་བདག་དོམ་ཁྲོད་བཅུག་ནས་ཞིང་སྡེའི་བཅོས་སྐྱོང་ཆུ་ཚད་མཐོར་འདེགས་སུ་གཏོང་བའི་ཐད་ལ་སྒུལ་ཤུགས་གསར་པ་ཞིག་བསྣན།

“སྐར་མའི་ལམ་ལུགས”ཀྱི་བདག་དོམ་ལག་བསྟར་བྱེད་ཐབས་ནི་འབའ་ལུང་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་དང་སྡེ་བ་སོ་སོའི་ཕུལ་བྱུང་ཏང་ཡོན་རྒན་པ། ལས་བྱེད་པ་རྒན་པ་དང་ཀུན་སྤྱོད་མཐོ་བའི་མང་ཚོགས་ཀྱི་འཐུས་ཚབ་མི་སྣ་བཅས་མཉམ་དུ་ཟབ་ཞུགས་བྱས་ཏེ་གཏན་འབེབས་བྱས་པ་རེད་ལ། དེར་མ་ཟད། “སྐར་ལྔ་ཅན་གྱི་དཔལ་ཡོན་ཁྱིམ་ཚང”དང“མི་རིགས་མཐུན་སྒྲིལ་སྔོན་ཐོན་ཁྱིམ་ཚང་།” “ཆེས་མཛེས་པའི་ཁྱིམ་ཚང”སོགས་དཔྱད་འདེམས་བྱ་འགུལ་སྤེལ་ནས། ཁྱིམ་ཚང་དག་རྩ་བའི་སྐར་གསོག་ལས་ཁུངས་དང་ཞིབ་ཚགས་ཅན་གྱི་སྐར་གསོག་བདག་དོམ་རྩིས་ཐོ་དང་སྐར་གསོག་བདག་དོམ་བྱང་བུ་གསར་འཛུགས་བྱས་ཡོད། སྡེ་མི་དག་གི་རང་བདག་སྐར་མའི་ལམ་ལུགས་དེའི་བདག་དོམ་གྱི་དྲང་ཕྱོགས་ཁ་གྲངས20དང་ལྡོག་ཕྱོགས་ཁ་གྲངས10གྲོང་ཚོའི་འཛུགས་སྐྲུན་ཁྲོད་བཅུག་པ་དང་རྩ་འཛུགས་ལ་ཤུགས་སྣོན་བྱས། ཞིབ་ཕྲའི་བདག་དོམ་བྱ་བའི་ཁྲོད་སྔར་ལས་གོམ་གང་མདུན་སྤོས་ངང་དམངས་གཙོའི་བདག་དོམ་ཆུ་ཚད་མཐོར་འདེགས་སུ་བཏང་ནས། ཚད་ངེས་ཅན་གྱི་སྒོ་ནས་སྤྱི་ཚོགས་ཀྱི་གསོན་ཤུགས་འདོན་སྤེལ་བྱས་ཏེ་ཡང་དག་པའི་རིན་ཐང་ལྟ་བ་གསར་འཛུགས་བྱས།

འབའ་ལུང་ཡུལ་ཚོས་ཟླ་རེའི་ཕུལ་བྱུང་དཔྱད་འདེམས་གཞིར་བཟུང་སྟེ་གསོག་སྐར་དངོས་པོ་ལ་བརྗེ་པོ་བྱེད་པའི་ཐབས་ཤེས་ཀྱིས་སྐར་མའི་ལམ་ལུགས་ཀྱི་བདག་དོམ་སྤེལ། ལོ་མཇུག་ལ་ཡུལ་ཚོའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་མངགས་གཏོང་ཁང་། ཏང་སྲིད་གཞུང་སྒྲུབ་ཁང་། ཕྱོགས་བསྡུས་གཞུང་སྒྲུབ་ཁང་། ཞིང་ཕྱུགས་གཞུང་སྒྲུབ་ཁང་། ཞབས་ཞུའི་ཚོམས་ཆེན། འཕྲོད་བསྟེན་གཞུང་སྒྲུབ་ཁང་སོགས་སྡེ་ཁག་མང་པོར་མཉམ་འབྲེལ་སྒོས་སྡེ་བ་སོ་སོར་ལྟ་རྟོག་དང་དཔྱད་འཇོག་ཞིབ་བསྡུར་བྱས། དཔྱད་འཇོག་ཕན་འབྲས་ཀྱིས་སྐར་མའི་ལམ་ལུགས་ཇེ་མཐོར་བཏང་བ་གཞིར་བཟུང་སྟེ། ཕུལ་བྱུང་ཏང་ཀྲི་པུའུ་ལ་གཟེངས་བསྟོད་སྒོས་སྐར་མའི་ལམ་ལུགས་ལ་རྨང་གཞི་བཏིངས་པ་དང་མང་ཚོགས་ཀྱིས་རམ་འདེགས་མི་བྱེད་པའི་ཏང་ཀྲི་པུའུ་འགན་ཁུར་མི་སྣ་ལ་དེ་འབྲེལ་ཁ་བརྡ་བྱས་ཏེ། རོང་འབྲོག་མང་ཚོགས་རང་འགུལ་སྒོས་སྐར་མའི་ལམ་ལུགས་ཁྲོད་ཟབ་ཞུགས་བྱེད་པའི་ཕན་འབྲས་མཐོར་འདེགས་སུ་བཏང་། འཕེལ་རྒྱས་ཀྱི་ཧུར་བརྩོན་རང་བཞིན་ཇུས་འདོན་སྒོས་གཞི་རིམ་རྩ་འཛུགས་ཀྱི་རང་སྐྱོང་ནུས་པ་དང་འཛུགས་སྐྲུན་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་སུ་གཏོང་བའི་དམིགས་འབེན་ལ་སླེབས་སུ་བཅུག་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།