《གེ་སར་འཆམ》པེ་ཅིན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཁྲོད་ཚུད་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ་སྐབས་བཅུ་པའི་པེ་ཅིན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དང་པེ་ཅིན་མི་རིགས་གློག་བརྙན་འགྲེམས་སྟོན་དཔྱད་འཇོག་གི་གྲུབ་འབྲས་ཁྱབ་སྒྲོག་བྱས་ཤིང་། མཚོ་སྔོན་ས་གནས་ཀྱི་གློག་བརྙན《གེ་སར་འཆམ》ཞེས་པ་དེའི་ཁྲོད་ཚུད་ཡོད།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ནི་རང་རྒྱལ་གྱི་གེ་སར་རིག་གནས་གྱི་ཕུན་སུམ་ཚོགས་པའི་ཐོན་ཁུངས་ཡིན་ལ། མཚོན་སྟངས་ཀྱི་རྣམ་པར་བྱེ་བྲག་གི་ཁྱད་ཆོས་ལྡན་པར་མ་ཟད། རིག་གནས་ཁྱད་ཆོས་དེ་སྔར་ལས་འཐུས་ཚང་ཡིན། གེ་སར་སྒྲུང་གི་རྒྱུན་འཛིན་སྒྲུང་པ་མང་ལ་ཤུགས་རྐྱེན་ཆེས་ཆེ་བའི་ས་ཁུལ་ཡང་ཡིན། རྒྱལ་ཁབ་རིམ་པའི་གེ་སར་རིག་གནས་ཏེ་མགོ་ལོག་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟའི་ས་ཁུལ་འཛུགས་སྐྲུན་དང་བསྟུན། གེ་སར་རིག་གནས་ལ་སྔོག་འདོན་སྲུང་སྐྱོབ་དང་རྒྱུན་འཛིན་བྱས། བོད་ཀྱི་ཟློས་གར་ལ་བརྟེན་ནས་སྒྲུང་བཤད་པ་སོགས་རྣམ་པ་བསྒྱུར་པའི་ལོ་རྒྱུས་སྙན་ངག་གི་དཔེར་མཚོན་གཏམ་རྒྱུད་ཀྱི་རྣམ་པ་ཡང་མུ་མཐུད་དུ་མངོན་པར་བྱས་ཡོད། གེ་སར་རིག་གནས་བརྗོད་དོན་གཙོ་བོར་བྱས་པའི་བརྩམས་ཆོས་ཀྱང་དངུལ་མདོག་གི་ཡོལ་བ་བརྒྱུད་ནས་ཀུན་གྱི་སྤྱན་ལམ་དུ་འགྲེམས་སྟོན་བྱས།

གློག་བརྙན《གེ་སར་འཆམ》གྱི་ནང་དུ། མི་སྣ་གཙོ་བོ་དགྲ་འདུལ་ལ་སློབ་ཆུང་འགྲིམས་དུས་ཕ་རྒན་གྱི་ཤུགས་རྐྱེན་འོག་གེ་སར་སྒྲུང་གི་ཟློས་གར་ལ་སྤྲོ་སྣང་ཁྱད་པར་བ་ཞིག་བྱུང་བས། དུས་ནམ་ཡང་སེམས་སུ་ཆེད་ལས་ཚན་ཆུང་གི་འཁྲབ་སྟོན་པ་བྱ་རྒྱུའི་རེ་བ་བཅངས། འོན་ཀྱང་ལོ་ན་ཆུང་བའི་དབང་གིས་ཕ་མ་གཉིས་ཀ་ཡིད་འཐད་གཏན་ནས་མ་བྱུང་། རྗེས་སུ་དགྲ་འདུལ་ལ་རྫོང་རིག་གནས་ཁང་གི་འགོ་བའི་རྒྱབ་སྐྱོར་ཐོབ་པས་སློབ་གསེང་གི་དུས་ཚོད་སྤྱད་དེ་བོད་ཀྱི་ཟློས་གར་ལ་སློབ་སྦྱོང་བྱས་པས་ད་བཟོད་རང་གི་ཕུགས་འདུན་མངོན་འགྱུར་བྱུང་བའི་གཏམ་རྒྱུད་བཤད་ཡོད།

ད་ལོའི་ཟླ8པར《གེ་སར་འཆམ》དེ་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་བསྟན་པ་དང་གློག་བརྙན་ཁྲོད་ཀྱི་མགོ་ལོག་གི་མཛེས་ལྗོངས་དང་གདོད་མའི་རོལ་དབྱངས་ཀྱི་རྒྱུ་ཆ་བཅས་ཀྱིས་ས་གནས་གང་དེའི་མི་ཆོས་འཚོ་བ་དང་ཡུལ་དངོས་རྣམ་པ་འགྲེམས་སྟོན་བྱས་པར་མ་ཟད། ལྟད་མོ་བ་དག་ལ་མཚོ་སྔོན་གྱི་ཕུན་སུམ་ཚོགས་པའི་གེ་སར་རིག་གནས་ཀྱི་ཐོན་ཁུངས་ཡང་མྱོང་རོལ་བྱེད་དུ་བཅུག་ཡོད།

འཁྲབ་ཁྲིད་པ་རྒྱ་ཕྱུག་དོན་འགྲུབ་ནི་གེ་སར་རིག་གནས་ཀྱི་ས་ཕ་དར་ལག་རྫོང་གི་སྨར་འབྲིང་ཡུལ་ཚོར་སྐྱེས་པ་དང་། ཆུང་དུས་ནས་བཟུང་གེ་སར་སྒྲུང་གི་གཏམ་རྒྱུད་རྣ་ལམ་དུ་བྱང་ཡོད། ཁོས་བཤད་རྒྱུར། གློག་བརྙན་གྱི་ཐོག་མའི་ཇུས་འདོན་དང་ཕབ་སྐྲུན། མཇུག་མཐའི་སྒྲིག་སྦྱོ་དང་ཐོག་མར་ལྟ་མཁན་ལ་བསྟན་པའི་བར་ལོ་ངོ་གསུམ་ལྷག་སོང་ཟེར། གློག་བརྙན་གྱིས་གཏམ་རྒྱུད་ཀྱི་བྱུར་རིམ་བརྒྱུད་དེ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་གང་དེའི་རྒྱུན་འཁྱོངས་རང་བཞིན་དང་རྒྱུན་འཛིན་གྱི་ཆ་མངོན་པར་བྱས་ཡོད། གློག་བརྙན་ཁྲོད་ཀྱི་འཁྲབ་སྟོན་པ་མང་ཤོས་ནི་གེ་སར་སྒྲུང་གི་རྒྱུན་འཛིན་པ་ཡང་རེད་ལ། མཚོ་སྔོན་གྱི་གློག་བརྙན་ཕབ་སྐྲུན་པ་ཞིག་ཡིན་པའི་ཆ་ནས། ཁོས་རང་ས་གནས་ཀྱི་གློག་བརྙན་ལ་བརྟེན་ནས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་རིག་གནས་མང་པོ་ཞིག་འགྲེམས་སྟོན་དང་། མཚོ་སྔོན་གྱི་ཁྱད་ལྡན་རིག་གནས་མང་པོ་ཞིག་རྒྱལ་ཡོངས་མ་ཟད་རྒྱལ་སྤྱི་ཅན་ལ་ཕྱོགས་རྒྱུར་སྐུལ་འདེད་བྱེད་བཞིན་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།