རང་ཞིང་གི་གནམ་གཤིས་དྲོ་གྲང་མུ་མཐུད་དུ་ཇེ་དམའ་རུ་འགྲོ་རྒྱུ་ཡིན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10པ་ནས་བཟུང་། ཟི་ལིང་གྲོང་ཁྱེར་གྱི་དྲོད་གྲང་མུ་མཐུད་དུ་མར་ཆགས་པ་དང་ནང་སྒོས་སུ་ནངས་དགོང་གཉིས་ཀར་གྲོང་ཁྱེར་གྱི་སྡོད་དམངས་དག་གིས་གྲང་འདར་གྱི་སྐད་དོད་རྒྱག་བཞིན་ཡོད། ཟླ10ཚེས13ཉིན། ཟི་ལིང་གྲོང་ཁྱེར་གྱི་ཉིན་མོའི་ཆེས་མཐོ་བའི་དྲོད་ཚད་ཧྲེ་ཧྲི་ཏུའུ5ཡིན་པས། ད་ལོའི་ལོ་མཇུག་གི་ཆེས་དཀའ་པའི་དྲོད་གྲང་ལ་སླེབས། མ་འོངས་པའི་ཉིན་གསུམ་གྱི་རིང་ལ། ཟི་ལིང་གྲོང་ཁྱེར་གྱི་ཆེས་དམའ་པའི་དྲོད་གྲང་ཧྲེ་ཧྲི་ཏུའུ0གྱི་མན་ལ་འབབ་རྒྱུ་ཡིན་པ་རེད།

གསར་འགོད་པས་མཚོ་སྔོན་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ10ཚེས11ཉིན། ཞི་པུའུ་ལི་ཡ་གྲང་རླབས་ཐོན་པ་དང་བསྟུན་ནས་རང་ཞིང་གི་ས་ཁུལ་སོ་སོའི་དྲོད་གྲང་ཡང་མྱུར་དུ་མར་ཆགས་རྒྱུ་རེད། གཏེར་ལེན་ཁ་གྲོང་ཁྱེར་དང་མདའ་བཞི། མདོ་ལ། རྒྱ་མདོ། ཡུལ་ཤུལ་སོགས་ཀྱི་ཉིན་མོའི་ཆེས་དམའ་པའི་དྲོད་གྲང་ཧྲེ་ཧྲི་ཏུའུ0གྱི་ཡན་ལ་ལྷུང་རྒྱུ་རེད། ཆིན་ཧྲེ་ཆུ་བོ་དང་ཆུ་དམར་ལེབ། འབྲི་སྟོད་སོགས་ས་ཁུལ་གྱི་ཉིན་མོ་དང་དགོང་མོའི་དྲོད་གྲང་གི་ཧེ་བག་ཧྲེ་ཧྲི་ཏུའུ20ལས་བརྒལ་སྲིད།

གྲང་ངར་སླེབས་པ་དང་བསྟུན་ནས་ཟི་ལིང་གྲོང་ཁྱེར་གྱི་དྲོ་གྲང་ཡང་ཚད་ངེས་ཅན་གྱི་སྒོ་ནས་མར་ཆག་རྒྱུ་ཡིན་ལ། དེར་མ་ཟད། ད་ལོའི་དགུན་ཚུགས་པ་ནས་བཟུང་ཆེས་ཐོག་མའི་གྲང་ངར་གྱི་སྔོན་དཔག་ཉེན་བརྡའི་བརྡ་རྟགས་སེར་པོ་ཡང་བཏང་ཡོད། ཟླ10ཚེས13ཉིན། ཟི་ལིང་གི་གནམ་ངོ་ནམ་ཡང་རབ་རིབ་ཡིན་ལ། ཕྱི་དྲོ་བར་སྣང་དུ་ཁ་བའི་འདབ་མ་ཡང་གཡོ་བཞིན་ཡོད། ཁང་བའི་ཕྱི་རོལ་དུ་ཅུང་ཙམ་ལ་བསྡད་ན་ཡང་གྲང་ངར་རུས་རྐང་ལ་ཟུག་པའི་ཚོར་བ་སྟེར། ཉིན་དེར་ཙོང་ཁ་དང་རྟ་ཐང་སོགས་ས་ཁུལ་ལ་ཁ་བ་བབས་ཡོད།

ཟི་ལིང་གྲོང་ཁྱེར་གགནམ་གཤིས་བརྟག་དཔྱད་ཁང་གི་སྤྱི་ལེ་ཉི་ཤུའི་མཚམས་ཀྱི་ཚད་ལེན་ས་ཚིགས་ཀྱི་ཚད་ལེན་དཔྱད་ཞིབ་ལྟར་ན། ཟླ10ཚེས13ཉིན་གྱི་དུས་ཚོད16བར་ཟི་ལིང་གྲོང་ཁྱེར་གྱི་ཉིན་དཀར་ཆེས་མཐོ་པའི་དྲོད་གྲང་ཧྲེ་ཧྲི་ཏུའུ5དང་ཉིན་དཀར་ཆེས་དམའ་པའི་དྲོད་གྲང་ཧྲེ་ཧྲི་ཏུའུ3.4ཡིན། ཉིན་དཀར་ཆེས་མཐོ་བའི་དྲོད་གྲང་དེ་ད་ལོའི་ལོ་མཇུག་གི་ཆེས་དམའ་ཤོས་ཡང་ཡིན། ཟི་ལིང་གྲོང་ཁྱེར་གྱི་དྲོད་གྲང་གློ་བུར་དུ་མར་ཆགས་པས། ཞོགས་པར་ཕྱི་ལ་འགྲོ་དུས་དྲོད་སྲུང་ལྭ་བ་མཐུག་པོ་གྱོན་རྒྱུར་གྲ་སྒྲིག་བྱེད་དགོས།

གནམ་གཤིས་ཆེད་མཁས་པས་ངོ་སྤྲོད་བྱས་པ་ལྟར་ན། མ་འོངས་པའི་ཉིན་གསུམ་གྱི་ནང་རང་ཞིང་གི་ས་ཁུལ་སོ་སོའི་དྲོད་གྲང་སྔར་བཞིན་དམའ་ཞིང་ཤར་ལྷོའི་རྒྱུད་ལ་ཁངས་ཆུང་ཆུང་ནས་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད་ཟེར། དེའི་ཁྲོད་ཟླ10ཚེས14ཉིན། ཟི་ལིང་གྲོང་ཁྱེར་གྱི་དྲོད་གྲང་མུ་མཐུད་དུ་མར་ཆགས་རྒྱུ་ཡིན་ལ། སྔོན་དཔག་ལྟར་ན་ཉིན་དཀར་གྱི་ཆེས་དམའ་བའི་དྲོད་ཚད་ཧྲེ་ཧྲི་ཏུའུ0ལས་བརྒལ་ངེས། ཟླ10ཚེས15ཉིན་ཟི་ལིང་གྲོང་ཁྱེར་གྱི་དྲོད་གྲང་ཅུང་ཙམ་ཡར་འཕར་རྒྱུ་ཡིན་ལ། ཉིན་དཀར་གྱི་ཆེས་མཐོ་བའི་དྲོད་གྲང་ཧྲེ་ཧྲི་ཏུའུ10ཡས་མས་ལ་འབུད་ངེས་ཟེར།

བྱེ་བྲག་གི་གནམ་གཤིས་སྔོན་བརྡ་ནི་ཟླ10ཚེས14ཉིན་ཡུལ་ཤུལ་གྱི་བྱང་རྒྱུད་དང་མགོ་ལོག་གི་ས་ཁུལ་མང་ཤོས། རྨ་ལྷོའི་ལྷོ་རྒྱུད་བཅས་ལ་ཁངས་ཆུང་ཆུང་འབབ་རྒྱུ་རེད། ཟི་ལིང་དང་མཚོ་ཤར་ས་ཁུལ་ལ་ཁངས་ཆར་འབབ་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་སྤྲིན་མང་པ་ནས་གནམ་ངོ་ཐང་རྒྱུ་རེད། ཟླ10ཚེས15ཉིན། ཡུལ་ཤུལ་གྱི་བྱང་ཤར་རྒྱུད་དང་མགོ་ལོག་གི་ས་ཁུལ་མང་ཤོས། རྨ་ལྷོའི་ས་ཁུལ་མང་ཤོས་བཅས་ལ་ཁངས་ཆུང་ཆུང་འབབ་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་སྤྲིན་མང་པ་དང་གནམ་ངོ་དྭངས་རྒྱུ་རེད། ཟླ10ཚེས16ཉིན། ཡུལ་ཤུལ་གྱི་ཤར་རྒྱུད་དང་མགོ་ལོག་གི་ས་ཁུལ་མང་ཤོས། རྨ་ལྷོའི་ལྷོ་རྒྱུད་བཅས་ལ་ཁངས་ཆུང་ཆུང་འབབ་པ་དང་ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་སྤྲིན་མང་བ་ནས་གནམ་ངོ་དྭངས་རྒྱུ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།