རང་རེའི་ཞིང་ཆེན་གྱི་སྨན་བཅོས་འགན་སྲུང་གི་སྨན་རྫས་རྩིས་སྤྲོད་དང་རྩིས་སྤྲོད་ཚད་གཞིའི་སྐོར་གྱི་འབྲེལ་ཡོད་སྲིད་ཇུས་བཏོན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་ནས་ཤེས་རྟོགས་ལྟར་ན། རང་ཞིང་གི་སྨན་བཅོས་འགན་སྲུང་གི་སྨན་རྫས་རྩིས་སྤྲོད་དང་རྩིས་སྤྲོད་ཚད་གཞིའི་སྐོར་གྱི་སྲིད་ཇུས་དེ2020ལོའི་ཟླ11ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། 
      བབ་བསྟུན་ལེགས་སྒྲིག་ལམ་ལུགས་སྐོར། 
      རང་ཞིང་གི་སྨན་བཅོས་འགན་སྲུང་གི་སྨན་རྫས་རྩིས་སྤྲོད་དང་རྩིས་སྤྲོད་ཀྱི་ཚད་གཞི་དེ་རྒྱབ་ཁབ་ཀྱི་གྲོས་མོལ་བྱས་པའི་སྨན་གོང་གཞིར་བཟུང་ཡིན་པ་མ་ཟད། རྒྱལ་ཁབ་ཀྱི་བབ་བསྟུན་སྙོམས་སྒྲིག་གི་མཇུག་འབྲས་ལ་གཞིགས་ནས་དེ་བསྟུན་གྱི་འགྱུར་བ་བཏང་ཡོད།

རྒྱལ་ཁབ་དང་རང་ཞིང་གཉིས་ཀྱིས་སྒྲིག་འཛུགས་ཐོག་ཕྱོགས་བསྡུས་སྨན་རྫས་ཉོ་སྒྲུབ་ཀྱི་ཁྲོད་དུ་འདེམ་པའི་སྨན་རྫས་ཀྱི་རིན་གོང་ནི་སྨན་བཅོས་འགན་སྲུང་གི་རྩིས་སྤྲོད་ཚད་གཞི་བཟོ་བྱེད་ཀྱི་ཚད་གཞི་ཡིན་ཞིང་། སྤྱི་སྤྱོད་གཅིག་གྱུར་མིང་ཐོག་གི་ཆེད་སྤྱོད་སྨན་རྫས་དང་། དག་མིན་ཕན་མིན་གྱི་དཔེ་གཞིའི་སྡུར་ཚད་བཅས་ཀྱི་གདེང་འཇོག་འདྲ་བཟོ་སྨན་རྫས་དག་ནི་རྩ་དོན་ཐོག་སྨན་བཅོས་འགན་སྲུང་ཐེབས་རྩ་ཡིས་གཅིག་མཚུངས་ཀྱི་རྩིས་སྤྲོད་ཚད་གཞི་ལྟར་རྩིས་རྒྱག་པ་ཡིན་མོད། སྨན་བཅོས་འགན་སྲུང་གི་ཚད་གཞི་བབ་བསྟུན་སྙོམས་སྒྲིག་ལམ་ལུགས་བཙུགས་རྗེས། “གོ་རིམ་བཞིན་དང་། རིགས་དབྱེ་ཁྲིད་སྟོན། སྐས་རིམ་ལེགས་སྒྲིག” གི་རྩ་དོན་ལྟར་རྩིས་སྤྲོད་ཚད་གཞི་ལེགས་སྒྲིག་བྱ་བ་འཐུས་ཚང་དུ་བཏང་ནས། འདེམ་ཐོན་མ་བྱུང་བའི་སྨན་རྫས་ཁག་གི་ཉོ་སྒྲུབ་རིན་གོང་དང་འདེམ་ཐོན་བྱུང་བའི་སྨན་རྫས་ཀྱི་ཉོ་སྒྲུབ་རིན་གོང་བར་གྱི་ཧེ་བག་ཅུང་ཆེ་བ་དེ་སྨན་རྫས་ཐོན་སྐྱེད་ཁེ་ལས་ཕྱོགས་ལ་རང་རྟོགས་ཀྱིས་རིན་གོང་མར་གཅོག་དགོས་པར་ཡར་སྐུལ་བྱས་ནས་འདེམ་ཐོན་བྱུང་བའི་སྨན་རྫས་ཀྱི་རིན་གོང་རིམ་བཞིན་སྨན་བཅོས་འགན་སྲུང་གི་རྩིས་སྤྲོད་ཚད་གཞིར་བསྒྱུར་བ་ཡིན།

ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་ཀྱིས་ཞིང་ཆེན་ནང་ཁུལ་གྱི་འདེམ་ཐོན་སྨན་རྫས་དང་འདེམ་ཐོན་ཚད་གཞིར་མ་ལོངས་པའི་སྨན་རྫས་ཀྱི་ཕྱོགས་བསྡུས་ཉོ་སྒྲུབ་ཀྱི་རྩིས་སྤྲོད་ཚད་གཞི་གཏན་འབེབས་བྱས་ལ། ལོ་གསུམ་རེ་སྐོར་ཐེངས་རེ་བྱས་ནས་རིམ་སྤར་ལེགས་སྒྲིག་བྱས་ཤིང་། ལོ་གསུམ་པའི་ལོ་མཇུག་ལ་འདེམ་ཐོན་སྨན་རྫས་ཀྱི་རིན་གོང་དེ་རྩིས་སྤྲོད་ཚད་གཞིར་བཞག་པ་ཡིན། རིམ་པ་ཁག་དང་ལས་རིགས་ཁག་གི་སྨན་བཅོས་འགན་སྲུང་གི་གནས་གཏན་སྨན་ཁང་གིས་སྨན་རིན་རྩིས་རྒྱག་དུས་སྨན་བཅོས་འགན་སྲུང་གི་རྩིས་སྤྲོད་ཚད་གཞིའི་ཡན་ལ་འཕར་མི་ཆོག་པར་བཟོས།

སྨན་བཅོས་འགན་སྲུང་གི་རྩིས་སྤྲོད་ཚད་གཞི་དང་སྲིད་ཇུས་གསལ་འབེབས་སྐོར། 

རྒྱལ་ཁབ་ཀྱི་གྲོས་མོལ་སྨན་རྫས་ཀྱི་རིན་གོང་ནི་རང་རེའི་ཞིང་ཆེན་གྱི་སྨན་བཅོས་འགན་སྲུང་གི་རྩིས་སྤྲོད་ཚད་གཞི་ཡིན། སྤྱི་སྤྱོད་གཅིག་གྱུར་གྱི་མིང་ཐོག་ནས་རྒྱུ་སྤུས་དང་ཕན་ནུས་ཀྱི་གདེང་འཇོག་གཅིག་མཚུངས་ཡིན་པའི་འདྲ་བཟོའི་སྨན་རྫས་དང་། སྨན་རྫས་བསྡུ་ཉོའི་འཕྲིན་སྟེགས་ཀྱི་རིན་གོང་སྨན་བཅོས་འགན་སྲུང་གི་རྩིས་སྤྲོད་ཚད་གཞིར་བཟུང་།

ཕྱོགས་བསྡུས་སྨན་རྫས་ཉོ་སྒྲུབ་ལས་འདེམ་ཐོན་སྨན་རྫས་ནི། རྒྱལ་ཁབ་དང་རང་རེའི་ཞིང་ཆེན་གྱིས་སྒྲིག་འཛུགས་ཐོག་སྨན་རྫས་ཕྱོགས་བསྡུས་ཉོ་སྒྲུབ་དང་བཀོལ་སྤྱོད་བྱེད་པའི་འདེམ་ཐོན་སྨན་རྫས་རིགས་ཡིན་ལ། འདེམ་ཐོན་སྨན་རྫས་ཀྱི་རིན་གོང་ནི་སྨན་བཅོས་འགན་སྲུང་གི་རྩིས་སྤྲོད་ཚད་གཞི་ཡིན།

འདེམ་ཐོན་ཚད་གཞི་མ་ལོངས་པའི་སྨན་རྫས་ནི། སྤྱི་སྤྱོད་གཅིག་གྱུར་མིང་ཐོའི་ཁྲོད་ཀྱི་འདེམ་ཐོན་ཚད་གཞི་མ་ལོངས་པའི་ཆེད་སྤྱོད་སྨན་རྫས་དང་དཔེ་གཞིའི་སྡུར་ཚད་ཀྱི་རིན་གོང་འདེམ་ཐོན་སྨན་རྫས་ཀྱི་རིན་གོང་ལས་མཐོ་བ་ཡིན་པས། “གོ་རིམ་མ་མཆོལ་བ་དང་། རིགས་དབྱེ་འཁྲིད་སྟོན”གྱི་རྩ་དོན་ལྟར་རྩིས་སྤྲོད་ཚད་གཞི་ལེགས་སྒྲིག་བྱས་ལ། དེ་ལོ་གསུམ་ནང་ལེགས་སྒྲིག་བྱས་ཚར། ལོ་དང་པོ་དང་གཉིས་པར། ལོ་སྔོན་མའི་རིན་གོང་གི30%མར་བཅག་ནས་སྨན་བཅོས་འགན་སྲུང་གི་ཚད་ག་ཞི་གཏན་འཁེལ་བྱས། ལོ་གསུམ་པར་འོས་འདེམ་བྱུང་བའི་སྨན་རྫས་རིགས་ཀྱི་རིན་གོང་ལྟར་སྨན་བཅོས་འགན་སྲུང་གི་རྩིས་སྤྲོད་ཚད་གཞི་གཏན་འཁེལ་བྱས།

སྤྱི་སྤྱོད་གཅིག་མཚུངས་ཀྱི་མིང་ཐོག་ནས་རྒྱུ་སྤུས་དང་ཕན་ནུས་ཀྱི་གདེང་འཇོག་གཅིག་མཐུན་ཅན་གྱི་འདྲ་བཟོའི་སྨན་རྫས་ཁྲོད་ཚུད་མ་ཐུབ་པའི་རིགས་ཀྱི་སྨན་བཅོས་འགན་སྲུང་གི་རྩིས་སྤྲོད་ཚད་གཞི་དེ་འདེམ་ཐོན་སྨན་རྫས་ཀྱི་རིན་གོང་ལས་མཐོ་མི་ཆོག་པ་ཡིན།

སྨན་བཅོས་འགན་སྲུང་གི་རྩིས་སྤྲོད་སྲིད་་ཇུས། སྨན་བཅོས་འགན་སྲུང་ཐེབས་རྩ་ནི་རྩིས་སྤྲོད་ཀྱི་ཚད་གཞི་དང་སྲིད་ཇུས་ཀྱི་འཆར་འགོད་སྡུར་ཚད་ལྟར་རྩིས་སྤྲོད་བྱ་དགོས་ཤིང་། རྩིས་སྤྲོད་ཚད་གཞི་ལ་ནད་པ་དང་སྨན་བཅོས་འགན་སྲུང་ཐེབས་རྩ་གཉིས་ནས་འགན་འཁུར་དགོས་པ་ཡིན། གལ་ཏེ་ ནད་པའི་སྨན་རིན་སྨན་རིན་རྩིས་སྤྲོད་ཀྱི་ཚད་གཞི་ལས་བརྒལ་བ་ཡིན་ན། བརྒལ་བའི་ཆ་ལས་ཁག་ཅིག་ནད་པས་སྤྲོད་དགོས་པ་ཡིན།

འདེམ་ཐོན་གྱི་ཚད་གཞི་མ་ལོངས་པའི་སྨན་རྫས་ཉོ་སྒྲུབ་དང་བཀོལ་སྤྱོད་དོ་དམ་ཕྱོགས་ལ་ཤུགས་སྣོན་པའི་ཐད་ནས་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་ཀྱིས། འབྲེལ་ཡོད་སྨན་ཁང་གིས་ཐོག་མར་རྒྱལ་ཁབ་ཀྱིས་གྲོས་མོལ་བྱས་པའི་སྨན་རྫས་རིགས་དང་། རྒྱལ་ཁབ་དང་མཚོ་སྔོན་གྱི་གཅིག་སྡུད་ཐོག་བསྡུ་ཉོ་བྱས་པའི་འདེམ་ཐོན་སྨན་རྫས་རིགས་འདེམ་ཉོ་བྱས་ཏེ། ནད་པས་ལུགས་མཐུན་གྱི་སྨན་བསྟེན་གོམས་འདྲིས་ཆགས་པར་འཁྲིད་སྟོན་བྱ་དགོས་པ་དང་། འདེམ་ཐོན་སྨན་རྫས་ཉོ་སྒྲུབ་ཀྱི་ཚད་དང་དུས་ལ་ཁག་ཐེག་ཡོད་པའི་སྔོན་འགྲོའི་འོག སྨན་རིགས་གཞན་ཉོ་དུས་རིན་གོང་འོས་འཚམ་ཡིན་པའི་འདེམ་མེད་སྨན་རྫས་ཉོས་ཆོག་པ་ཡིན་ཟེར།

སྨན་བཅོས་འགན་སྲུང་གི་རྩིས་སྤྲོད་སྲིད་ཇུས་ལག་བསྟར་ལ་སྐུལ་འདེད་དང་། སྲིད་ཇུས་ཆ་ཚང་དང་ཚད་གཞི་བབ་བསྟུན་གྱིས་ལེགས་སྒྲིག་བྱ་བའི་ཐད་ནས། རང་ཞིང་གི་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་གྱི་དགོས་མཁོ་དང་།མི་དམངས་མང་ཚོགས་ཀྱི་སྨན་བཅོས་ཞབས་ཞུའི་དགོས་མཁོ། སྨན་བཅོས་འགན་སྲུང་ལམ་ལུགས་ཀྱི་འཁོར་རྒྱུག་དང་ཐེབས་རྩའི་གཏོང་ལེན་གནས་ཚུལ་བཅས་གཞིར་བཟུང་སྟེ། སྤྱི་ཚོགས་ཀྱི་ཕྱོགས་ཁག་སོ་སོའི་ཁེ་ཕན་འབྲེལ་བ་དོ་མཉམ་ཡོང་བ་དང་། སྨན་བཅོས་འགན་སྲུང་གི་སྨན་རྫས་ཀྱི་རྩིས་སྤྲོད་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ། སྨན་རྫས་ཀྱི་དཀར་ཆག་དང་། ཕྱོགས་བསྡུས་ཉོ་སྒྲུབ་ཀྱི་སྲིད་ཇུས་ལེགས་སྒྲིག སྨན་རྫས་ཀྱི་སྨན་སྣ་མང་ཉུང་གི་འགྱུར་ལྡོག་གཞིར་བཟུང་ནས་སྨན་བཅོས་འགན་སྲུང་གི་སྨན་རྫས་ཀྱི་རྩིས་སྤྲོད་སྲིད་ཇུས་བབ་བསྟུན་གྱིས་ལེགས་སྒྲིག་བྱས་ནས་རྩིས་སྤྲོད་ཚད་གཞི་ལུགས་མཐུན་ཅན་འགྱུར་བར་སྐུལ་འདེད་བྱས།

ཁོན་ཐར་འཚོས་བསྒྱུར།