རང་ཞིང་གི་མཁར་གྲོང་སྡོད་དམངས་སྨན་བཅོས་འགན་སྲུང་ཁྲོད་ཞུགས་ཚད95%ཡི་ཡན་ལ་སླེབས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། “ལོ་ལྔའི་འཆར་གཞི་བཅུ་གསུམ་པ”ནས་བཟུང་རང་ཞིང་གིས་སྨན་བཅོས་བྱ་བར་ཚད་མཐོའི་མཐོང་ཆེན་དང“གཞི་རྩའི་འགན་སྲུང་དང་གཞི་རིམ་ལ་ཤུགས་སྣོན། སྒྲིག་གཞི་གསར་འཛུགས”སོགས་ལ་རྐང་བཙུགས་ནས། ནུས་ཤུགས་གང་ཡོད་ངང་མང་ཚོགས་ཀྱིས“ནད་ལ་ལྟ་དཀའ་བ་དང་སྨན་རིན་སྟེར་དཀའ་བའི”གནད་དོན་ཐག་གཅོད་བྱས། སྨན་བཅོས་དང་སྨན་བཅོས་འགན་སྲུང་། སྨན་རྫས་གསུམ་གྱི་མཉམ་འབྲེལ་ལ་དོ་སྣང་ཆེན་པོ་བྱས་ཏེ། གཞི་རྩའི་སྨན་བཅོས་ལམ་ལུགས་དང་མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་བཅོལ་མ་དངུལ་བསྡུ་རུབ་ཚད་གཞི། ནད་ཚབས་ཆེན་གྱི་འགན་བཅོལ། སྨན་རྫས་གཅིག་བསྡུས་ཉོ་བསྡུ། རིགས་བཀར་སྨན་བཅོས་ལམ་ལུགས། སྨན་བཅོས་མཉམ་འབྲེལ་འཛུགས་སྐྲུན། གཞི་རྩའི་སྨན་རྫས་ལམ་ལུགས། ཁ་གཏད་རོགས་སྐྱོར། སྔོན་ལ་ཞག་སྡོད་དང་རྗེས་སུ་སྨན་རིན་རྩིས་རྒྱག་པ་སོགས་ཀྱི་ཁྱབ་ཁོངས་དགུ་ལ་ཁེབས་སུ་བཅུག་སྟེ། སྨན་བཅོས་བཅོས་སྒྱུར་གྱི་གྲུབ་འབྲས་དེ་རང་ཞིང་གི་རིགས་སོ་སོའི་མང་ཚོགས་ཁྲོད་ཁྱབ་ཏུ་བཅུག དེའི་ཁྲོད་རང་ཞིང་གིས་མུ་མཐུད་དུ་སྨན་བཅོས་འགན་བཅོལ་གྱི་མ་དངུལ་བསྡུ་རུབ་བྱེད་པའི་ཚད་གཞི་དང་དམིགས་གསལ་སྲིད་ཇུས་མཐོར་འདེགས་ཀྱིས་མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་ཚད་གཞི་དེ་མུ་མཐུད་དུ95%ཡི་ཡན་ལ་བརྟན་འཇགས་སུ་བཏང་། 2020ལོར་མི་རེའི་ཆ་སྙོམས་མ་དངུལ་བསྡུ་རུབ་བྱེད་པའི་ཚད་གཞི་དེ940ལ་མཐོར་འདེགས་སུ་བཏང་།

ད་ལྟ། བརྡ་འཕྲིན་ཅན་མཐོར་འདེགས་སུ་གཏོང་བའི་རིམ་སྤར་དེ་རང་ཞིང་གི་ཕྱོགས་བསྡུས་སྨན་བཅོས་ཀྱི་སྐུལ་འདེད་སྐུལ་རྒྱུ་དང་ཆ་འཕྲིན་དྲ་རྒྱ+ཤེས་འཇོན་སྨན་བཅོས་དེ་མང་ཚོགས་ཀྱིས་ནད་ལ་སྟོན་དཀའ་པའི་སྨན་བཅོས་ཀྱི་བརྒྱུད་རིམ་གཙོ་བོ་ཞིག་ཡིན། 2019ལོར། མཚོ་ནུབ་ཁུལ་མི་དམངས་སྨན་ཁང་གིས་སྤྱི་ཁྱབ་སྨན་ཁང་གི་སྨན་བཅོས་ཐུན་མོང་གསར་སྐྲུན་བྱས་རྗེས་གཞི་རྩའི་སྨན་བཅོས་སྒྲིག་གཞི་ལས་ནད་པར་དཔར་འདེབས་བྱས་པའི་སྙིང་རུས་འདྲ་པར་དང་བརྙན་རིས་འདྲ་པར། དེ་འབྲེལ་གློག་རྡུལ་ནད་ཐོ་སོགས་ཐད་ཀར་དུ་གོང་རིམ་སྨན་ཁང་ལ་བསྐུར་པས། རྒྱང་འགྱེད་གཅིག་བསྡུས་སྨན་བཅོས་མངོན་འགྱུར་བྱུང་ཡོད། མང་ཚོགས་ཀྱིས་རང་གི་སྒོ་ཁ་རུ་ཆེད་མཁས་པས་སྨན་བཅོས་ལོངས་སུ་སྤྱོད་ཐུབ་པ་མ་ཟད། ནད་ལ་སྟོན་དཀའ་བའི་ཐད་སྔར་ལས་སྟབས་བདེ་བསྐྲུན། མགོ་ལོག་ཁུལ་གྱིས“སྤྲིན་གཅིག་དྲ་གཅིག་སྟེགས་བུ་གཅིག”གི་བརྡ་འཕྲིན་ཅན་འཛུགས་སྐྲུན་གྱི་མ་ལག་དེ་སྔར་ལས་འཐུས་ཚང་ཅན་ཏུ་བཏང་བས། གཞི་རིམ་ལ་ཞིབ་བཤེར་དང་གོང་རིམ་གྱིས་ནད་ལ་བརྟག་པ། རིམ་པ་མང་པོས་མཉམ་འབྲེལ་བཅས་ཀྱི་རྒྱང་འགྱེད་སྨན་བཅོས་ཞབས་ཞུའི་སྒྲིག་གཞི་གྲུབ་པ་མ་ཟད། ཁུལ་ཡོངས་ཀྱིས་རིམ་གསུམ་རྒྱང་བགྱེད་སྨན་བཅོས་བརྡ་འཕྲིན་མ་ལག་ཁྱོན་ཡོངས་ལ་ཁེབས་པ་ཡང་མངོན་འགྱུར་བྱུང་ནས་གཞི་རིམ་གྱི་སྨན་བཅོས་ཚད་གཞི་མངོན་གསལ་གྱིས་མཐོར་འདེགས་བྱུང་།

“ལོ་ལྔའི་འཆར་གཞི་བཅུ་གསུམ་པ”ནས་བཟུང་། རང་ཞིང་གིས་ཞིང་སྡེ་མཉམ་ལས་གསར་པ་དང་མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་མཉམ་འབྲེལ་བྱས་ཏེ། “གཅིག་གྱུར་དྲུག”གི་མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་སྒྲིག་གཞི་མངོན་འགྱུར་བྱུང་། གཞི་རྩའི་སྨན་བཅོས་དེ་རྨང་གཞི་རུ་འཛིན་པ་དང་ནད་ཚབས་ཆེན་གྱི་སྨན་བཅོས་འགན་སྲུང་དེ་ཁ་གསབ་ཅན་དུ་འཛིན་པ་གསར་འཛུགས་ཀྱིས་སྨན་བཅོས་མྱུར་སྐྱོབས་དང་སྐབས་བསྟུན་མྱུར་སྐྱོབས། ལས་བཟོ་པའི་སྨན་བཅོས་མཉམ་འབྲེལ་བཅས་གཞིར་བཟུང་སྟེ་སྨན་བཅོས་འགན་སྲུང་གི་ལམ་ཐིག་ལྟར་ཁྱོན་ཡོངས་ལ་ཁེབས་པ་དང་མ་མཐའི་ཚད་གཞི་ལྟར་ཕན་ཚུན་མཉམ་འབྲེལ་རོགས་རེས་ཀྱི་སྨན་བཅོས་འགན་སྲུང་མ་ལག་གིས་ནད་པ་དག་གི་སྨན་བཅོས་ཐད་ཀྱི་འགན་འཁྲི་ཇེ་ཡང་དུ་བཏང་།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།