རང་རེའི་ཞིང་ཆེན་གྱི་ཁྲག་ཤེད་མཐོ་བའི་ནད་པ་ལོ་གཞོན་ཅན་དུ་འགྱུར་བཞིན་པ།

ཟླ10པའི་ཚེས8ཉིན་ནི་རྒྱལ་ཡོངས་ཀྱི་ཁྲག་ཤེད་མཐོ་བའི་ཉིན་མོ་ཐེངས23པ་ཡིན་ཞིང་། ད་ལོའི་དྲིལ་སྒྲོག་བརྗོད་བྱང་ལ“ལོ་ན18ཡན་ནས་བཟུང་ཁྲད་ཤེད་ཤེས་དགོས”ཞེས་བྱ། གསར་འགོད་པས་ཟི་ལིང་གྲོང་ཁྱེར་གྱི་སྨན་ཁང་སོ་སོ་ནས་ཤེས་གསལ་ལྟར་ན། ད་སྔ་རང་རེའི་ཞིང་ཆེན་གྱི་ཁྲག་ཤེད་མཐོ་བའི་ནད་པ་ཇེ་མང་དུ་འགྲོ་བཞིན་པའི་ཁྲོད་གཞོན་པ་དང་དར་མ་མང་ཤོས་ཡིན་པ་དང་། དེའི་ནང་དུ་ལོ་བཅུ་ཁ་ཅན་གྱི་བྱིས་པ་ཡང་འདུག ཚུལ་དེ་ལ་ཞིང་ཆེན་རིམས་འགོག་ལྟེ་གནས་ཀྱི་དལ་ནད་ཁང་གི་ཆེད་མཁས་པས་ལོ18དང་དེའི་ཡན་ཆོད་ནས་བཟུང་དུས་རྒྱུན་ཁྲག་ཤེད་ལ་བརྟག་དགོས་པ་ཡིན། དུས་རྒྱུན་ཁྲག་ཤེད་མཐོ་བའི་ནད་པས་ཁྱིམ་དུ་ཁྲག་ཤེད་ལ་བརྟག་དཔྱད་བྱས་ནས་རང་ཉིད་ལ་བདག་སྐྱོང་བཟང་པོ་དང་། འགུལ་སྐྱོད་འོས་འཚམ་རེ་བྱས་ནས་ལུས་པོའི་ལྗིད་ཚད་ཚོད་འཛིན་བྱས་ན་ཁྲག་ཤེད་ཀྱི་ནད་འདི་སྔོན་འགོག་བྱ་ཐུབ་ཟེར། 

ལྷག་པར་དྲན་སྐུལ་གྱི་ཚུལ་དུ་བརྗོད་པ་ལྟར་ན། ཁྲག་ཤེད་མཐོ་བའི་ནད་ནི་ལུས་པོ་འགུལ་སྐྱོད་ཉུང་བ་ལ་སོགས་བདེ་ཐང་ལ་གནོད་པའི་འཚོ་བ་རོལ་སྟངས་ལ་འབྲེལ་བ་དམ་པོ་ཡོད་ཅིང་། ལུས་ཀྱི་རྩོལ་བ་ཉུང་བའི་མི་དེ་རིགས་ལ་ཁྲག་ཤེད་མཐོ་བའི་ནད་འབྱུང་སླ་བ་ཡིན། འགུལ་སྐྱོད་འོས་འཚམ་རེ་དང་ཚྭ་ཉུང་ཟས་རིགས་བསྟེན་ནས་ལུས་ཀྱི་ལྗིད་ཚད་ཇེ་ཡང་དུ་བཏང་ན་ཁྲག་ཤེད་ཀྱི་ནད་འདི་སྔོན་འགོག་དང་ཚོད་འཛིན་བྱ་ཐུབ། ཁྲག་ཤེད་མཐོ་བའི་ནད་པ་དང་ཁྲག་ཤེད་འབྲིང་ཤོས་ནད་པས་ཚན་རིག་གི་ཆོས་ཉིད་དང་མཐུན་པའི་འཚོ་བ(འགུལ་སྐྱོད་ཚུད་པའི)རོལ་བའི་རྨང་གཞིའི་སྟེང་སྨན་ལུགས་མཐུན་རེ་བསྟེན་ན་ལེགས། ལུས་ཀྱི་འགུལ་སྐྱོད་ལས་མགྱོགས་པོར་འགྲོ་བ་དང་། དལ་མོར་རྒྱུག་པ། ལྕགས་རྟར་ཞོན་པ། རླུང་འཕྲིན་རྩལ་སྦྱོང་དང་ལུས་ཕུང་སྦྱོང་བརྡར་གྱི་ལུས་སྦྱོང་ནི་ནད་པ་དེ་རིགས་ལ་ཕན་པའི་འགུལ་སྐྱོད་ཡིན་ཞིང་། གཟའ་འཁོར་རེར་མ་མཐའ་ཡང་ཐེངས་གསུམ་ནས་ཐེངས་ལྔ་དང་། ཐེངས་རེར་སྐར་མ་སུམ་ཅུ་ཡན་ལ་ཚད་འབྲིང་ཙམ་གྱི་གསོ་རླུང་གསོ་བའི་འགུལ་སྐྱོད་བྱས་ན་ལེགས། འགུལ་སྐྱོད་འདི་ཉིན་རེར་རྒྱུན་འཁྱོངས་ཐུབ་ན་རབ་ཡིན། དེ་མིན་འཚོ་བའི་ཁྲོད་ཁྲག་ཤེད་མཐོ་བའི་ནད་མི་འབྱུང་ཆེད། སིལ་ཏོག་དང་སྔོ་ཚལ། འོ་མ། ཟས་བཅུད་ཚི་སྣའི་རིགས་འདུས་པའི་འབྲུ་ཡི་རིགས། ཉ། ཤ་སྨི། བྱ་ཤ་དང་སྒོ་ངའི་རིགས་གཙོར་བསྟེན་ན་བཟང་བ་དང་། ཤ་རིགས་ཚོན་པོ་དང་། མིས་བཟོས་འོ་མའི་རིགས་ཀྱི་བཟའ་བཏུང་མ་བསྟེན་ན་བཟང་། ལྷག་པར་དུ་ཚྭ་ཉུང་ཟས་རིགས་ལ་བསྟེན་ན་ཁྲག་ཤེད་ཇེ་དམའ་རུ་འགྲོ་བར་ཕན་ཞིང་། དེ་ཡང་མི་རེ་ཡིས་ཉིན་རེར་ཚྭ་ཁེ་ལྔ་མན་དང་ཅང་ཡོའུ་ཉུང་ཙམ་སྤྱོད་རྒྱུ་གལ་ཆེ། དེ་བཞིན་དུ་དུས་རྒྱུན་སེམས་ཁམས་བཏང་སྙོམས་ལ་གནས་རྒྱུ་དང་དུས་ལྟར་གཉིད་ལོག་པ། རོལ་དབྱངས་ལ་མང་ཙམ་ཉན་པ་དང་རི་མོ་འགྲེམ་སྟོན་སོགས་རིག་གནས་བྱ་འགུལ་ལ་མྱོང་རོལ་བྱས་ནས་ཁམས་གཡེང་བྱས་ན་ཕན་ཆེ་བ་ཞེས་བསྟན།

ཁོན་ཐར་འཚོས་བསྒྱུར།