མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ཚོང་གཉེར་ཁོར་ཡུག་ཆེད་དོན་ལྟ་ཞིབ་བྱ་བ་སྤེལ།

ཚོང་གཉེར་ཁོར་ཡུག་འཛུགས་སྐྲུན་བྱེད་པ་དང་། ཚོང་གཉེར་ཁོར་ཡུག་ཁྱབ་ཁོངས་ཀྱི་འབྲེལ་ཡོད་སྲིད་ཇུས་ཁྲིམས་སྲོལ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་ཆེད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ལྟར། ཉེ་སྔོན། ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་བྱ་བའི་མི་སྣ་སྐོང་འཐེན་བྱས་ནས་ལྟ་ཞིབ་ཚན་ཆུང་བཙུགས་ཏེ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོ། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་སོ་སོ་རུ་ཚོང་གཉེར་ཁོར་ཡུག་ཆེད་དོན་ལྟ་ཞིབ་སྤེལ།

ལྟ་ཞིབ་ཚན་ཆུང་གིས་ཁེ་ལས་བསྒྲུབ་པ་དང་བཟོ་སྐྲུན་ཆོག་མཆན་འགོད་པ། གཏན་འཇགས་རྒྱུ་ནོར་ཐོ་འགོད། ཁྲལ་བསྡུ་དང་སྲིད་དོན་ཞབས་ཞུ། གློག་ཤུགས་སོགས་ཚོང་གཉེར་ཁོར་ཡུག་གི་དམིགས་ཚད་གཙོ་བོར་དམ་དུ་དམིགས་པ་དང་། ཡིག་ཐོག་ཞིབ་བཤེར་དང་སྙན་ཞུ་ལ་ཉན་པ། ཡིག་ཆ་ཞིབ་ཀློག་བྱེད་པ། འཚམས་འདྲི་བྱེད་པ་དང་ཡུལ་དངོས་ལྟ་སྦྱོང་། གྱོད་སྒྲུབ་རྗེས་སྙེག་སོགས་བྱེད་ཐབས་བརྒྱུད་དེ། ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་སྲོལ་ཡིག་དང་ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་གྱི་བྱེད་ཐབས་འགའ། མཚོ་སྔོན་ཞིང་ཆེན་གྱིས་ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་ལོའི་བྱ་འགུལ་སྤེལ་བའི་ལག་བསྟར་ཇུས་གཞི་སོགས་སྲིད་ཇུས་ཁྲིམས་སྲོལ་ལག་བསྟར་བྱེད་པའི་གནས་ཚུལ་དང་། 2019ལོའི་ཚོང་གཉེར་ཁོར་ཡུག་ཕྱོགས་གསུམ་པའི་ཚོད་ལྟའི་གདེང་འཇོག་ཡར་ཞུ་གནད་དོན་གྱི་དག་ཐེར་ལེགས་བཅོས་གནས་ཚུལ་ལ་ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར་བྱས། དེ་དང་མཉམ་དུ། ཚོར་རའི་གཙོ་གཞིའི་དགོས་མཁོ་ལ་རྒྱུས་ལོན་ཡང་དག་བྱེད་ཆེད། ལྟ་ཞིབ་ཚན་ཆུང་གིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཉིས་སུ་སོ་སོར་ཁེ་ལས་ཀྱི་བཞུགས་མོལ་བརྗེ་རེས་ཚོགས་འདུ་བསྡུས་ནས། ཁེ་ལས་ཀྱི་བསམ་འཆར་ལ་ཉན་པ་དང་། ཁེ་ལས་ཀྱི་ཞུ་གཏུག་ལ་ལན་བཏབ་ལ། ཁེ་ལས་ཀྱི་བསམ་འཆར་བསྡུ་ལེན་བྱས།

ཐེངས་འདིའི་ལྟ་ཞིབ་ཐད་ནས་མཚོ་སྔོན་གྱི་ཚོང་གཉེར་ཁོར་ཡུག་འཛུགས་སྐྲུན་སྤེལ་བའི་གནས་ཚུལ་དང་། སྲིད་ཇུས་ཁྲིམས་སྲོལ་ལག་བསྟར་བྱེད་པའི་གྲུབ་འབྲས་ལ་རྒྱུས་ལོན་ཡང་དག་བྱས་པ་དང་། འབྲེལ་ཡོད་དམིགས་ཚད་ཁྱབ་ཁོངས་ཐད་གནས་པའི་ཞན་ཆར་རྒྱུས་ལོན་གསལ་བོ་བྱས་ལ། ཕྱོགས་སོ་སོའི་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུས་ནས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་བྱེད་པའི་བྱ་བར་ཧ་ཅང་མཐོང་ཆེན་བྱས་པར་སྣེ་ཁྲིད་བྱས། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་བསྟན་དོན། གོ་རིམ་རྗེས་མར་མུ་མཐུད་དུ་གྲོང་ཁྱེར་དང་ཁུལ་སོ་སོ་དང་སྡེ་ཁག་སོ་སོ་བར་གྱི་མཉམ་ལས་མཉམ་འབྲེལ་ལ་ཤུགས་སྣོན་པ་དང་། སྲིད་ཇུས་འཆར་འགོད་དང་བྱ་བ་ལག་བསྟར་བྱེད་པ། གནད་དོན་དག་ཐེར་ལེགས་བཅོས་བྱེད་པ། དྲིལ་སྒྲོག་སྣེ་ཁྲིད་སོགས་བྱ་བ་བཟང་བོར་བསྒྲུབ་ནས། མཚོ་སྔོན་གྱི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བསྒྱུར་བྱེད་རྒྱུ་ཡིན་པའི་ཚུལ་བསྟན།