མཚོ་སྔོན་ཞིང་ཆེན་ནགས་རྩྭ་ཅུའུ་ཡིས་བརྡ་སྦྱོར་སྤེལ་ནས་ས་ཆ་སོ་སོས་ཆུ་སྐྱེས་སྲོག་ཆགས་དང་རི་སྐྱེས་རི་དྭགས་རྩ་ཆེན་འཛིན་བཟུང་བྱེད་པར་བཀག་འགོག་བྱེད་པའི་རེ་བ་བཏོན།

ཉེ་ལམ། གསར་འགོད་པས་ཞིང་ཆེན་ནགས་རྩྭ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་ཆུ་སྐྱེས་སྲོག་ཆགས་དང་རི་སྐྱེས་རི་དྭགས་རྩ་ཆེན་སྲུང་སྐྱོབ་བྱེད་པའི་བྱ་བར་སྔར་ལས་ཤུགས་སྣོན་ཆེད། ཞིང་ཆེན་ནགས་རྩྭ་ཅུའུ་ཡིས་བརྡ་སྦྱོར་སྤེལ་ནས། གྲོང་ཁྱེར་དང་ཁུལ་སོ་སོའི་ནགས་རྩྭ་ཅུའུ་ཡིས་ཆུ་སྐྱེས་སྲོག་ཆགས་དང་རི་སྐྱེས་རི་དྭགས་རྩ་ཆེན་འཛིན་བཟུང་བྱེད་པར་བཀག་འགོག་བྱེད་པའི་བྱ་བ་སྣ་ཚོགས་ལག་བསྟར་བྱེད་པར་དམ་འཛིན་བྱེད་དགོས་པའི་རེ་བ་བཏོན།

བརྡ་སྦྱོར་ལས་བསྟན་དོན། འབྲི་ཆུའི་བཞུར་རྒྱུད་ཀྱི་འཛིན་བཟུང་ལ་བཀག་འགོག་བྱེད་རྒྱུ་ནི་མ་ཡུམ་ཆུ་བོ་འབྲི་ཆུ་ལ་སྲུང་སྐྱོབ་བྱེད་པ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པའི་བྱེད་ཐབས་གལ་ཆེན་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ཡིན་པའི་ཆ་ནས། བྱ་བར་ཧ་ཅང་མཐོང་ཆེན་བྱས་ནས། འཛིན་བཟུང་ལ་བཀག་འགོག་བྱེད་པའི་བྱ་བ་མཚོ་སྔོན་ནས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

བརྡ་སྦྱོར་ནང་། གྲོང་ཁྱེར་དང་ཁུལ་སོ་སོའི་ནགས་རྩྭ་ཅུའུ་ཡིས་སྐྱེ་ཁམས་དོ་སྲུང་བའི་སྐོར་ཞིབ་དང་ལྟ་ཞིབ་ཚད་ལེན། སྙན་ཞུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། སྲུང་སྐྱོབ་དང་ལྟ་སྐུལ་དོ་དམ་འགན་འཁྲི་ལག་བསྟར་བཟང་བོ་བྱེད་དགོས། སྡེ་ཁག་བར་གྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། ནགས་ཚལ་སྤྱི་བདེ་དང་ཞིང་ལས་ཞིང་སྡེ། ཚོང་ར་ལྟ་སྐུལ་དོ་དམ། འགྲིམ་འགྲུལ་སོགས་སྡེ་ཁག་དང་མཉམ་འབྲེལ་བྱས་ནས་མཉམ་འབྲེལ་ཁྲིམས་འཛིན་འགུལ་སྐྱོད་སྤེལ་བ་དང་། ཁྲིམས་ལྟར་ལྐོག་འཛིན་བྱེད་པ་སོགས་ཁྲིམས་འགལ་སྤྱོད་ཚུལ་ལ་རྡུང་རྡེག་བྱེད་དགོས། དེ་དང་མཉམ་དུ། རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་རི་སྐྱེས་རི་དྭགས་སྲུང་སྐྱོབ་བཅའ་ཁྲིམས་ཁྲིམས་སྲོལ་གྱི་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རི་དྭགས་དང་ཆུ་སྐྱེས་སྲོག་ཆགས་འཛིན་བཟུང་མི་བྱེད་པ་དང་མི་ཟ་བར་སྐུལ་འདེད་གཏོང་བ། རི་སྐྱེས་རི་དྭགས་ཐོན་ཁུངས་ལ་གཏོར་བརླག་གཏོང་བའི་ཁྲིམས་འགལ་སྤྱོད་ཚུལ་ལ་བཀག་འགོག་བྱས་ཏེ། སྤྱི་དམངས་ཀྱིས་རི་སྐྱེས་རི་དྭགས་རྩ་ཆེན་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་མཐོར་འདེགས་གཏོང་དགོས་པའི་རེ་བ་བཏོན།