འཛམ་གླིང་དུ་ཆེས་རླབས་ཆེ་བའི་སློབ་གསོའི་ཆོས་ཉིད་འགའ།

1ཉ་རྫའི་ཆོས་ཉིད། 

སེམས་ཀྱི་འཚར་ལོངས་ལ་རང་དབང་དགོས།

ཀུང་སི་ཞིག་ཏུ་ལས་བཟོ་བས་ཉ་མོ་ཆུང་ཆུང་འགའ་ཉ་གཞོང་གཅིག་གི་ནང་དུ་བཅུག་ནས་ལོ་འགའ་འགོར་མོད།ཉ་མོ་དག་སྔར་བཞིན་ལག་མ་ཆགས། དེར་བརྟེན་ཚང་མས་ཉ་མོ་དེ་ཚོ་ལག་ཆགས་རྒྱུ་མེད་པར་འདོད། ཉིན་ཞིག་ཉ་རྫ་ཆག་པས་ཉ་མོ་དེ་དག་ར་སྐོར་གྱི་རྫིང་བུའི་ནང་དུ་གསོ་དགོས་བྱུང་། བློ་ཡིད་ལས་འདས་པ་ཞིག་ལ་ཉ་མོ་དེ་ཚོ་ལག་ཆགས་པ་རེད།

དེ་ལྟར་ཉ་མོ་ལ་རང་དབང་གི་འཚར་ལོངས་བྱུང་བར་ཁོར་ཡུག་དགོས་ན་ནི་ལྟ་ཅི་སྨོས། ང་ཚོས་དུས་རྒྱུན་བྱིས་པའི་ཚབ་ཏུ་སློབ་གྲྭ་དང་། གྱོན་ཆས། རྩེད་ཆས་སོགས་གདམ་གསེས་བྱེད་ཀྱི་ཡོད་པར་མ་ཟད། ད་རུང་རྒྱུན་དུ་བྱིས་པའི་ཚབ་ཏུ་དྲི་བར་དྲིས་ལན་ལན་འདེབས་རོགས་ཀྱང་བྱེད་ཀྱི་ཡོད། དེའི་ཕྱིར་བྱིས་པར་མཚོན་ན་སོ་སོར་བྱ་དངོས་གདམ་གསེས་དང་བསམ་བློ་གཏང་རྒྱུ། དེ་བཞིན་གསར་གཏོད་ཀྱི་བསམ་བློ་བཅས་ལ་ཚོད་ལྟ་མང་པོ་བྱེད་པའི་སྐལ་བ་མེད་པས། ཁོ་ཚོར་བློ་རིག་དང་འཆར་སྒོ་ཡག་པོ་ལྡན་ཐབས་མེད།

2ཕེ་ཀི་མ་ཝིན་གྱི་ནུས་པ།

འདི་ལ་ལའོ་སིན་ཏོ་ནུས་པ་ཡང་ཟེར།

ལོ་སིན་ཏོ་ནི་དུས་རབས་ཉི་ཤུ་པའི་ཨ་རིའི་སེམས་ཁམས་རིག་པ་བ་ཞིག་རེད།ཕེ་ཀི་མ་ཝིན་ནི་གནའ་བོའི་ཀེ་རི་སིའི་ལྷ་སྒྲུང་གི་མི་སྣ་གཙོ་བོ་ཡིན། ཕན་ནུས་འདིས་རེ་བ་ཧུར་པོ་ལ་འབྲས་ཡག་པོ་འབྱུང་བ་མཚོན།

ལྷ་སྒྲུང་ཁྲོད་དུ། ཕེ་ཀི་མ་ཝིན་ནི་སེ་ཕུའུ་ཅོན་གྱི་རྒྱལ་པོ་རེད་ལ་འཇིམ་བཟོ་བ་ཞིག་ཀྱང་ཡིན། ཁོ་རང་ཉིད་ཀྱིས་བཟོས་པའི་མཛེས་མའི་འཇིམ་སྐུ་ཞིག་ལ་དགའ་བར་གྱུར། མ་ཟད་དེས་རང་གི་བརྩེ་བ་དང་ལེན་བྱེད་པར་རེ་སྒུག་བྱས། མཇུག་མཐར་རྒྱལ་པོའི་སྨོན་འདུན་གྱིས་ལྷ་ལ་སེམས་འགུལ་ཐེབས་སུ་བཅུས་པས་མཛེས་མའི་འཇིམ་སྐུ་དེ་གསོན་པོར་གྱུར་ནས་རྒྱལ་པོའི་ཆུང་མར་ཐོབ། ལྷ་སྒྲུང་གིས་ཏན་ཏན་མི་ལ་སྤྲོ་འཛུམ་ཙམ་ལས་བསླང་མི་ནུས་མོད། ལའོ་སིན་ཅིན་གྱི་ཚོད་ལྟ་ལས་ནུས་པ་འདི་ཐོབ་སོང་བ་རེད། ཁོས་ཚོ་ཆུང་གཉིས་སུ་བསྒྲིགས་ནས་ཡོད་པའི་སློབ་མར་སོ་སོ་བྱས་ཏེ་བསྟོད་པ་དང་སྨད་པ་བྱས། རྗེས་ནས་ངོ་མ་དེ་མཚུངས་བཟང་ངན་གྱི་མཇུག་འབྲས་བྱུང་བ་རེད། དེ་བཞིན་ཧུར་བརྩོན་ཅན་གྱི་རེ་འདུན་ནི་དོན་དངོས་ཐོག་ཕྱི་རོལ་ཡུལ་གྱི་རྒྱབ་སྐྱོར་ཞིག་རེད། དགེ་མཚན་ལྡན་པའི་རེ་བ་དང་རྒྱབ་སྐྱོར་དེ་རིགས་མེད་ན་མི་རྣམས་སྒྱིད་ལུག་ཏུ་འགྱུར་སླ།

3 ངེས་སྲོལ་ཤུགས་ཆེར་གཏང་དགོས།

གོམས་གཤིས་བཟང་པོ་གསོ་སྐྱོང་བྱ་དགོས།

གོམས་གཤིས་བཟང་པོ་ཞིག་གིས་མི་ཞིག་རྒྱལ་ཁའི་ཕྱོགས་སུ་བསྐྱོད་དུ་འཇུག ཡང་ན་སེམས་ཁམས་བཟང་པོ་ཞིག་ཡོད་སྲིད་པ་དོན་དངོས་ཀྱིས་ར་སྤྲོད་ཐུབ། ཆུ་སྲིན་གྱི་ཚོད་ལྟ་ཟེར་བ་ཞིག་ཡོད་པ་འདི་ལྟར་རེད། དེ་ཡང་ཚན་རིག་པས་ཆུ་ནང་དུ་ཤེལ་གྱི་གྱང་ཞིག་བཞག་ནས་ཆུ་སྲིན་དང་དངོས་པོ་གཞན་པ་ཞིག་ལོགས་གཉིས་སུ་བཀར་ཏེ་བཞག དང་ཐོག་ཆུ་སྲིན་གྱིས་ཤེལ་སྒོ་ལ་རྡུང་ཁ་དྲག་པོ་རྒྱག་མོད། ཕྱིས་སུ་གྱང་དེ་བརྒལ་ཐབས་མེད་ཚོར་བས་རིམ་བཞིན་རྡུང་ཁ་རྒྱག་རྒྱུ་བསྐྱུར་པ་རེད། རྗེས་ནས་ཚན་རིག་པས་ཤེལ་གྱི་གྱང་དེ་བཤིག་མོད། ཆུ་སྲིན་གྱིས་དེ་གར་སྔར་བཞིན་ཤེལ་གྱི་གྱང་ཡོད་པར་བསམས་ཏེ། ཏན་ཏན་རང་ཉིད་སྡོད་སའི་ལོགས་དེར་འགུལ་སྐྱོད་བྱེད།

མིའི་བྱ་བ་སྤྱོད་པ་ཡང་གཏམ་རྒྱུད་འདི་དང་གཉིས་སུ་མེད། དུས་ཡུན་ངེས་ཅན་ཞིག་གམ་ཡང་ན་བསྐྱར་ཟློས་ཀྱི་གོ་རིམ་འགའ་བརྒྱུད་རྗེས། བསམ་བློ་གཏོང་སྟངས་གཏན་འཇགས་སུ་གྱུར་ནས་སོ་སོའི་གོམས་གཤིས་སུ་ཆགས་འགྲོ། དེར་བརྟེན། གོམས་གཤིས་བཟང་པོ་ནི་རྒྱུ་ནོམ་དང་འདྲ་བས་མི་ཚེ་གང་བོར་ལོངས་སུ་སྤྱད་ཆོག

4སྤྱང་ཀིའི་རང་བཞིན་གྱི་ཆོས་ཉིད།

བྱིས་པའི་མཚར་སྣང་གསོ་སྐྱོང་བྱེད་པ།

སློབ་སྦྱོང་ནི་ཏག་ཏག་སྤྲོ་སྣང་ལ་བརྟེན་དགོས། སྤྱང་ཀི་ནི་འཛམ་གླིང་ཐོག་མཚར་སྣང་གི་གཤིས་ཀ་ཆེས་ཡལ་རྒྱུ་མེད་པའི་སྲོག་ཆགས་ཤིག་ཡིན། རྒྱུས་ཡོད་དུ་གྱུར་པའི་ཁོར་ཡུག་དང་བྱ་དངོས་ཤིག་ཡིན་རུང་། སྤྱང་ཀིར་མཚོན་ན་དེ་མ་གཞི་ནས་དེ་བཞིན་ནོ་ལྟ་བུའི་སེམས་ཁམས་ཡོད་མི་སྲིད། རང་བྱུང་ཁམས་ཆེན་མོའི་ཤིང་ཏོག་ཞིག་གམ་ཤྭ་རྭ་དུམ་བུ་ཙམ་ཡིན་རུང་། སྤྱང་ཀིར་མཚོན་ན་རྩེད་ཆས་དཔེ་མེད་ཅིག་ཡིན། དེ་ལྟར་སྤྱང་ཕྲུག་ཀྱང་མཚར་སྣང་གི་སྐུལ་འདེད་འོག་འཚར་ལོངས་བྱུང་བ་རེད།

གཅིག་མཚུངས། བྱིས་པ་ཡང་འཇིག་རྟེན་འདི་ལ་ངོ་མཚར་སྐྱེས་ཏེ་ཡོད། ཁོ་ཚོས་རྩེད་མོ་སྣ་ཚོགས་རྩེ་ལ་ཚོད་ལྟ་འདྲ་མིན་བྱེད། ད་དུང་ང་ཚོས་ཀྱང་ལན་འདེབས་མི་ཐུབ་པའི་དྲི་བ་འདྲེན་ཡོང་། འོན་ཀྱང་། བྱིས་པ་ཚོས་ཧ་མི་གོ་བའི་བྱ་བ་འགའ་རེ་སྒྲུབ་པའི་སྐབས་སུ་ང་ཚོས་གཤེ་གཤེ་གཏོང་། མཇུག་མཐར། ཁོ་ཚོའི་མཚར་སྣང་རིམ་བཞིན་ཉམས་ནས། ཕྱི་རོལ་འཇིག་རྟེན་ཚུར་སྣང་གི་སེམས་ཚོར་ཡང་ཇེ་རྟུལ་དུ་འགྲོ་བ་རེད།

མཚར་སྣང་གསོ་སྐྱོང་ཇི་ལྟར་བྱ་དགོས་སམ་ཞེ་ན། སློབ་གསོའི་སྡེ་ཁག་ཏུ་རྒྱན་ལེན་ཐབས་ཟེར་བའི་སློབ་ཁྲིད་བྱེད་ཐབས་ཤིག་ཡོད། དེ་ཡང་སློབ་མ་རྣམས་སྔར་ཡོད་ཀྱི་སློབ་སྦྱོང་གི་ནང་དོན་ལ་སུན་སྣང་སྐྱེ་སླ་བས་སློབ་སྦྱོང་ཇེ་སྡུག་ལ་འགྲོ་བ་རེད། དགེ་རྒན་ལིན་མུའུ་ཡི་སློབ་མའི་ནང་དུ་ཡང་གནས་ཚུལ་འདི་འདྲ་ཡང་འབྱུང་བཞིན་ཡོད། དབྱན་ཚི་ནི་སློབ་མ་རིག་ཡག་ཅིག་ཡིན། ཁོས་གླུ་དབྱངས་ཅི་ཞིག་སྦྱངས་རུང་གཞན་ལས་ཤེས་པ་མགྱོགས། དེར་བརྟེན་ཁོས་དེ་ལ་སྦྱོང་བརྡར་མང་པོ་བྱ་འདོད་མེད། དེར་ལིན་མུའུ་ཡིས་ཁོའི་སློབ་མར་རྒྱན་ལེན་ཐབས་ཀྱི་སློབ་ཁྲིད་བྱེད་ཐབས་སྤྱད། ཁོས་གླུ་དབྱངས་ཐམས་ཅད་ལ་ཨང་གྲངས་བརྒྱབ་རྗེས་སློབ་མ་ཚོར་རྒྱན་ལེན་དུ་བཅུག དེར་དབྱན་ཚི་ཡང་རོལ་རྩེད་དེའི་ནང་ཞུགས་པས་གླུ་དབྱངས་སྦྱོང་བརྡར་ལ་སྔོན་ཆད་ལས་སྤྲོ་སྣང་ཅན་དུ་གྱུར། དེ་ལྟར་བྱ་དངོས་རིགས་འདྲ་བར་འགྱུར་ལྡོག་བྱུང་བ་དང་། སྐབས་འགར་རྩེད་མོའི་གྲུབ་ཆ་ཁ་ཤས་ཁྱེར་ན་མཐར་དགེ་མཚན་ལྡན་པའི་ཕྱོགས་སུ་འགྱུར་བ་རེད།

5ཕུགས་བསམ་གྱི་ཆོས་ཉིད།

བྱིས་པའི་འཚར་ལོངས་ལ་ཕུགས་བསམ་དགོས།

པའེ་ཨེར་དགེ་རྒན་གྱིས་སློབ་ཁྲིད་སྐབས་མ་འོངས་བའི་ཕུགས་བསམ་སྐོར་གྱི་རྩོམ་ཡིག་ཅིག་བཀོད་སྒྲིག་བྱས། སློབ་གྲོགས་ལོ་པོ་ཐེ་ཡིས་ཕྱུགས་ར་མུའུ200བྲིས་ཤིང་། དེ་རུ་རྟ་ཕོའི་བང་རྩལ་འགྲན་པའི་གནས་ཚུལ་དང་རང་གི་འདུན་པའི་ཁྲོད་ཀྱི་ཕྱུགས་རའི་རི་མོ་ཞིག་བྲིས། དགེ་རྒན་པེ་ཨར་གྱིས་རྣམ་པ་དེ་དོན་དངོས་དང་འགལ་ཡོད་སྙམ་སྟེ་དཔྱད་བརྗོད་ངན་པ་ཞིག་བྲིས། ལོ་པོ་ཐེའི་སེམས་ཁོང་རེ་བས་ཁེངས་རུང་གདེང་འཇོག་ཡག་པོ་མ་ཐོབ། དེར་མ་ཟད་དགེ་རྒན་གྱིས་ལོ་པོ་ཐེ་ལ་ལས་བྱ་བསྐྱར་འབྲི་བྱས་དང་སྦྱངས་འབྲས་ལེགས་པོ་ཞིག་བྱིན་ཆོག་ཅེས་སྨྲས། ལོ་པོ་ཐེ་ཡིས་ཡང་ཡང་བསམ་བློ་བཏང་འཕྲོར་དེ་ལྟར་མ་སྒྲུབ། མ་ཟད་ཕྱིས་སུ་ལས་བྱ་འདི་ཁོའི་སྒུལ་ཤུགས་སུ་གྱུར། ལོ་མང་པོའི་རྗེས་སུ། ཁོ་ལ་དངོས་གནས་མུའུ200ཅན་གྱི་ཕྱུགས་ར་ཞིག་ཐོབ། ལོ་དེར་རྒས་ཟིན་པའི་དགེ་རྒན་པའེ་ཨེར་ཕྱུགས་ར་དེར་ལྟ་སྐོར་དུ་ཡོང་དུ་གདོང་ཡོངས་མཆི་མས་ཁེངས་སོང་། ཁོས་ཅུང་ཙམ་མིན་ན་བྱིས་པ་རིག་ཡག་ཅིག་གི་ཕུགས་བསམ་བརླགས་སོང་བ་རེད།

ང་ཚོས་ལོ་ན་མ་སོན་པའི་བྱིས་པ་ཞིག་ལ་དོན་དག་ཅིག་གསལ་བཤད་བྱེད་སྐབས།ཁོ་ལ་ཇི་ལྟར་བསྒྲུབ་དགོས་པ་ཁྲིད་པར་བྲེལ་བ་མ་ལངས། ཁྱོད་ཀྱིས་ཁོ་ལ་གྲུབ་འབྲས་དང་དམིགས་འབེན་ཅི་འདྲ་ཞིག་སྒྲུབ་དགོས་པ་ཁོ་ན་བཤད་པས་ཆོག སྐབས་འདིར་ཐབས་ཤེས་ལ་ཁོ་ཚོས་སོང་ནས་བསམ་བློ་གཏོང་དགོས། ང་ཚོས་ཡང་དང་བསྐྱར་དུ་སྐུལ་མ་གཏོང་དགོས།

ལོ་ཙཱ་བ།རྟ་མགྲིན་དཔལ།