༄༅། །རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱི་རྒྱལ་ཡོངས་ཀྱི་རང་བྱུང་གནོད་འཚེའི་ཕྱོགས་བསྡུས་ཉེན་ཁར་ཡོངས་བཤེར་ཐེངས་དང་པོ་བྱེད་པའི་སྐོར་གྱི་བརྡ་སྦྱོར།

རྒྱལ་གཞུང་སྤེལ﹝2020﹞ཨང12པ།

ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་སོ་སོའི་མི་དམངས་སྲིད་གཞུང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཨུ་སོ་སོ་དང་ཐད་གཏོགས་ལས་ཁུངས་སོ་སོ་བཅས་ལ།

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལྟར། རང་རྒྱལ་གྱི་རང་བྱུང་གནོད་འཚེའི་ཉེན་ཁའི་མངོན་མེད་འབྱུང་རྐྱེན་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱིས་རང་བྱུང་གནོད་འཚེ་ཟློག་པའི་ཕྱོགས་བསྡུས་འགོག་ཟོན་གྱི་ནུས་པ་ཇེ་ཆེར་གཏོང་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་འཐད་པ་བྱུང་བ་བརྒྱུད་དེ2020ལོ་ནས2022ལོའི་བར་དུ་རྒྱལ་ཡོངས་ཀྱི་རང་བྱུང་གནོད་འཚེའི་ཕྱོགས་བསྡུས་ཉེན་ཁར་ཡོངས་བཤེར་ཐེངས་དང་པོ་བྱ་རྒྱུ་ཡིན། ད་ལྟ་འབྲེལ་ཡོད་དོན་ཚན་བརྡ་སྦྱོར་བཏང་བ་གཤམ་གསལ་ལྟར།
      གཅིག ཡོངས་བཤེར་གྱི་དམིགས་ཡུལ་དང་དོན་སྙིང་།

རྒྱལ་ཡོངས་ཀྱི་རང་བྱུང་གནོད་འཚེའི་ཕྱོགས་བསྡུས་ཉེན་ཁར་ཡོངས་བཤེར་བྱ་རྒྱུ་ནི་རྒྱལ་ཁབ་ཀྱི་གནས་ཚུལ་དང་སྟོབས་ཤུགས་ལ་བརྟག་དཔྱད་གལ་ཆེན་ཐེངས་ཤིག་ཡིན་ལ། རང་བྱུང་གནོད་འཚེ་འགོག་སེལ་བྱེད་ནུས་ཇེ་ཆེར་གཏོང་བའི་རྨང་གཞིའི་རང་བཞིན་གྱི་བྱ་བ་ཞིག་ཡིན། ཡོངས་བཤེར་བྱས་པ་བརྒྱུད་དེ་རྒྱལ་ཡོངས་ཀྱི་རང་བྱུང་གནོད་འཚེའི་ཉེན་ཁའི་མངོན་མེད་འབྱུང་རྐྱེན་གྱི་མཐིལ་རྟོགས་པ་དང། ས་ཁུལ་གཙོ་གནད་ཀྱི་གནོད་འགོག་ནུས་པ་རྩད་གཅོད་གསལ་བོར་བྱས་ཐོག རྒྱལ་ཡོངས་དང་ས་ཁུལ་སོ་སོའི་རང་བྱུང་གནོད་འཚེའི་ཕྱོགས་བསྡུས་ཉེན་ཁའི་ཚད་ལ་དོན་དངོས་དང་མཐུན་པར་ངོས་འཛིན་བྱས་ཏེ། ཀྲུང་དབྱང་དང་ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་ནུས་ལྡན་སྒོས་རང་བྱུང་གནོད་འཚེ་འགོག་སེལ་བྱ་བ་སྒྲུབ་པ་དང། དཔལ་

འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བར་དངོས་གནས་འགན་སྲུང་བྱེད་པར་དབང་གྲགས་ལྡན་པའི་གནོད་འཚེའི་ཉེན་ཁའི་ཆ་འཕྲིན་དང་ཚན་རིག་དང་མཐུན་པར་ཇུས་ཐག་གཅོད་པའི་གཞི་འཛིན་ས་འདོན་སྤྲོད་བྱ་དགོས།
      གཉིས། ཡོངས་བཤེར་བྱ་ཡུལ་དང་ནང་དོན།

ཡོངས་བཤེར་བྱ་ཡུལ་ལ་རང་བྱུང་གནོད་འཚེ་དང་འབྲེལ་བའི་རང་བྱུང་དང་མི་ཆོས་ས་ཁམས་ཀྱི་རྒྱུ་རྐྱེན་གཙོ་བོ་དང་། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག ཤང་རྡལ་མི་དམངས་སྲིད་གཞུང་དང་སྲང་ལམ་དོན་གཅོད་ཁང་། སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡོད་དམངས་ཨུ་ཡོན་ལྷན་ཁང་། ཁེ་ལས་དོན་ལས་སྡེ་ཚན་གཙོ་བོ་དང་སྤྱི་ཚོགས་རྩ་འཛུགས།སྡོད་དམངས་ཁག་ཅིག་སོགས་འདུས་ཡོད་ལ། ཡོངས་བཤེར་བྱེད་རྒྱ་ནི་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་སྡེ་ཚོགས་བཅས་ལ་ཁྱབ་ཡོད།རང་རྒྱལ་གྱི་རང་བྱུང་གནོད་འཚེའི་རིགས་ཀྱི་ཁྱབ་ཚུལ་དང་ཤུགས་རྐྱེན་ཐེབས་ཚད། ཁྱད་ཆོས་བཅས་ལ་གཞིགས་ཏེ། ཐེངས་འདིའི་ཡོངས་བཤེར་དང་འབྲེལ་བའི་རང་བྱུང་གནོད་འཚེའི་རིགས་ལ་གཙོ་བོ་ས་ཡོམ་དང་ས་གཤིས། གནམ་གཤིས། ཆུ་དགྲ་དང་ཐན་པ། རྒྱ་མཚོ་བཅས་ཀྱི་གནོད་འཚེ་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་དགྲ་སོགས་ཡོད་པ་རེད། ཡོངས་བཤེར་གྱི་ནང་དོན་ལ་རང་བྱུང་གནོད་འཚེ་གཙོ་བོས་གནོད་འཚེ་སྐྱེལ་ཚུལ་ལ་བརྟག་དཔྱད་དང་དཔྱད་དཔོག མི་འབོར་དང་ཁང་བ། རྨང་གཞིའི་སྒྲིག་བཀོད།སྤྱི་པའི་ཞབས་ཕྱིའི་མ་ལག ཐོན་ལས་གསུམ་པ། ཐོན་ཁུངས། ཁོར་ཡུག་སོགས་གནོད་འཚེ་ཐེབས་ཡུལ་ལ་བརྟག་དཔྱད་དང་དཔྱད་དཔོག ལོ་རྒྱུས་ཀྱི་གནོད་འཚེ་བརྟག་དཔྱད་དང་དཔྱད་དཔོག ཕྱོགས་བསྡུས་ཀྱི་གནོད་འཚེ་ཇེ་ཆུང་དུ་གཏོང་བའི་ཐོན་ཁུངས(ནུས་པ)ལ་བརྟག་དཔྱད་དང་དཔྱད་དཔོག མངོན་མེད་འབྱུང་རྐྱེན་གཙོ་བོར་བརྟག་དཔྱད་དང་དཔྱད་དཔོག་བཅས་བྱེད་པ་དང་། གནོད་འཚེ་གཙོ་བོའི་ཉེན་ཁར་དཔྱད་དཔོག་དང་ས་ཁོངས་ཀྱི་དབྱེ་མཚམས་འབྱེད་ཅིང་གནོད་འཚེའི་ཕྱོགས་བསྡུས་ཉེན་ཁར་དཔྱད་དཔོག་དང་ས་ཁོངས་ཀྱི་དབྱེ་མཚམས་འབྱེད་པ་བཅས་འདུས་ཡོད།

གསུམ། ཡོངས་བཤེར་གྱི་དུས་ཚོད་བཀོད་སྒྲིག

ཐེངས་འདིའི་ཡོངས་བཤེར་གྱི་ཚད་གཞིའི་དུས་ཚོད་ནི2020ལོའི་ཟླ12པའི་ཚེས31ཉིན་ཡིན།2020ལོ་ནི་ཡོངས་བཤེར་མ་བྱས་སྔོན་གྱི་གྲ་སྒྲིག་དང་ཚོད་ལྟའི་དུས་རིམ་ཡིན་ཏེ། རིམ་པ་སོ་སོའི་ཡོངས་བཤེར་བྱ་བའི་ལམ་སྲོལ་འཛུགས་པ་དང་། ཡོངས་བཤེར་མི་སྣ་དང་དཔུང་སྡེ་དོན་འཁྱོལ་བྱས་ཏེ་ཡོངས་བཤེར་བྱེད་ཚུལ་གསོ་སྦྱོང་བྱེད་ཅིང་། ཡོངས་བཤེར་གྱི་མཉེན་ཆས་མ་ལག་གསར་སྤེལ་བྱས་ཏེ་ཡོངས་བཤེར་གྱི་ཚོད་ལྟའི་བྱ་བ་རྩ་འཛུགས་བྱས་ནས་སྤེལ་དགོས།2021ལོ་ནས2022ལོའི་བར་ནི་ཕྱོགས་ཡོངས་ནས་བརྟག་དཔྱད་དང་དཔྱད་དཔོག་བྱེད་ཅིང་ས་ཁོངས་ཀྱི་དབྱེ་མཚམས་འབྱེད་པའི་དུས་རིམ་ཡིན་ཏེ། རྒྱལ་ཡོངས་ཀྱི་རང་བྱུང་གནོད་འཚེའི་ཉེན་ཁར་བརྟག་དཔྱད་དང་གནོད་འཚེའི་ཉེན་ཁར་དཔྱད་དཔོག་བྱ་བ་ལེགས་འགྲུབ་བྱས་ཐོག གནོད་འཚེ་ཕྱོགས་བསྡུས་ཀྱིས་འགོག་སེལ་བྱེད་པའི་ས་ཁོངས་དབྱེ་མཚམས་ཀྱི་དཔེ་རིས་བཟོ་བ་དང་ཡོངས་བཤེར་བྱས་འབྲས་ཕྱོགས་བསྡོམས་བྱ་དགོས།

བཞི། ཡོངས་བཤེར་བྱ་བ་རྩ་འཛུགས་དང་ལག་བསྟར།

རྒྱལ་ཡོངས་ཀྱི་རང་བྱུང་གནོད་འཚེའི་ཕྱོགས་བསྡུས་ཉེན་ཁར་ཡོངས་བཤེར་བྱ་བ་དང་འབྲེལ་བའི་ཁྱབ་ཁོངས་རྒྱ་ཆེ་ཞིང་དེའི་ནང་ཞུགས་མཁན་སྡེ་ཁག་མང་བ་དང་། མཉམ་ལས་ཀྱི་ལས་འགན་ལྕི་ཞིང་བྱ་བར་དཀའ་ཁག་ཆེ་བས། རྩ་འཛུགས་དང་མགོ་ཁྲིད་བྱེད་ཤུགས་ཇེ་ཆེར་གཏོང་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་ཀྱི་རང་བྱུང་གནོད་འཚེའི་ཕྱོགས་བསྡུས་ཉེན་ཁར་ཡོངས་བཤེར་ཐེངས་དང་པོའི་མགོ་ཁྲིད་ཚན་ཆུང་བཙུགས་ཏེ། ཡོངས་བཤེར་བྱ་བ་རྩ་འཛུགས་དང་ལག་བསྟར་བྱེད་ཁྲོད་ཀྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་དང་ཇུས་ཐག་གཅོད་པའི་འགན་འཁུར་དགོས། མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་དེ་འཚུབ་ཟློག་པུའུ་རུ་བཙུགས་ནས་མགོ་ཁྲིད་ཚན་ཆུང་གི་ནམ་རྒྱུན་གྱི་བྱ་བར་འགན་འཁུར་བ་དང་།ཡོངས་བཤེར་བྱེད་སྒོར་མཛུབ་ཁྲིད་དང་ལྟ་སྐུལ་ཞིབ་བཤེར་བྱེད་པའི་འགན་འཁུར་དགོས། བྱ་བར་འགྱུར་བ་བྱུང་བའི་དབང་གིས་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་ལེགས་སྒྲིག་བྱ་དགོས་བྱུང་ཚེ། དེ་ཉིད་གནས་སའི་སྡེ་ཚན་གྱིས་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་ལ་ཞུས་ནས། མགོ་ཁྲིད་ཚན་ཆུང་གི་མགོ་གཙོ་ལ་ཞིབ་མཆན་དགོད་པར་རེ་ཞུ་བྱ་དགོས། མགོ་ཁྲིད་ཚན་ཆུང་ནི་དུས་རིམ་རང་བཞིན་གྱི་བྱ་བའི་ལམ་སྲོལ་ཅན་དུ་གཏོགས་ཤིང་། གསར་དུ་བཙུགས་པའི་དོན་དག་གྲོས་ཞིབ་མཐུན་སྦྱོར་ལས་ཁུངས་སུ་མི་གཏོགས་པས། ལས་འགན་འགྲུབ་མ་ཐག་ཏུ་མེད་པར་བཟོ་དགོས།ཡོངས་བཤེར་བྱ་བ་དེ“རྒྱལ་ཡོངས་ལ་གཅིག་གྱུར་གྱིས་མགོ་ཁྲིད་དང་སྡེ་ཁག་གིས་ལས་བགོས་མཉམ་སྒྲུབ། ས་གནས་ཀྱིས་རིམ་པ་བཀར་ནས་འགན་འཁུར་བ། ཕྱོགས་སོ་སོ་མཉམ་དུ་ཞུགས་པ”བཅས་ཀྱི་རྩ་དོན་ལྟར་རྩ་འཛུགས་དང་ལག་བསྟར་བྱ་དགོས།

མགོ་ཁྲིད་ཚན་ཆུང་གི་ཁོངས་ཞུགས་སྡེ་ཚན་སོ་སོས་རང་འགན་རང་འཁུར་དང་ཤུགས་སྒྲིལ་མཉམ་ལས།གཞོགས་འདེགས་དམ་ཟབ་བཅས་བྱས་ཏེ་མཉམ་དུ་ཡོངས་བཤེར་བྱ་བ་ལེགས་པོར་བསྒྲུབ་དགོས། འཚུབ་ཟློག་པུའུ་ཡིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཡོངས་བཤེར་གྱི་སྤྱིའི་ཇུས་གཞི་བཟོ་བ་དང་ཡོངས་བཤེར་གྱི་ལག་རྩལ་དང་ཚད་གཞིའི་མ་ལག་བཙུགས་ཐོག ལག་རྩལ་མཛུབ་སྟོན་དང་གསོ་སྦྱོང་། སྤུས་ཚད་ཚོད་འཛིན། ཆ་འཕྲིན་ཕྱོགས་བསྡོམས་དང་དབྱེ་ཞིབ་བཅས་ལེགས་པོ་བྱེད་པ་དང་། ཆེད་ལས་ཅན་ཕྱོགས་གསུམ་པའི་སྟོབས་ཤུགས་དང་ད་ཡོད་ཀྱི་ཆ་འཕྲིན་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ནས་རྒྱལ་ཡོངས་ཀྱི་རང་བྱུང་གནོད་འཚེའི་ཉེན་ཁའི་རྨང་གཞིའི་གཞི་གྲངས་མཛོད་འཛུགས་སྐྲུན་དང་། རྒྱལ་ཡོངས་ཀྱི་ཡོངས་བཤེར་གྱི་གྲུབ་འབྲས་རབ་དང་རིམ་པ་ཆགས་པར་བྱ་དགོས།
        རྫོང་རིམ་པ་ཡན་གྱི་ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་དེ་མཚུངས་ཀྱི་ཡོངས་བཤེར་མགོ་ཁྲིད་ཚན་ཆུང་དང་དེའི་གཞུང་ལས་ཁང་བཙུགས་ནས། ད་ཡོད་ཀྱི་ཐོན་ཁུངས་སྡེབ་སྒྲིག་གང་ལེགས་བྱེད་པ་དང་མི་སྣའི་དཔུང་སྡེ་སྟོབས་ཆེན་དུ་བཀོད་སྒྲིག་བྱས་ཏེ་ས་ཁུལ་དེ་གའི་ཡོངས་བཤེར་བྱ་བ་ལེགས་པོར་བསྒྲུབ་དགོས། ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་སོ་སོས་ཡོངས་བཤེར་གྱི་སྤྱིའི་ཇུས་གཞི་ལྟར་དོན་དངོས་དང་ཟུང་དུ་སྦྲེལ་ནས་ས་ཁུལ་དེ་གའི་ཡོངས་བཤེར་གྱི་ལག་བསྟར་ཇུས་གཞི་བཟོ་དགོས།

ལྔ། ཡོངས་བཤེར་གྱི་གྲོན་དངུལ་འགན་སྲུང་།
རྒྱལ་ཡོངས་ཀྱི་རང་བྱུང་གནོད་འཚེའི་ཕྱོགས་བསྡུས་ཉེན་ཁར་ཡོངས་བཤེར་བྱ་བའི་འགྲོ་གྲོན་དེ་ས་གནས་ཀྱིས་འགན་སྲུང་བྱེད་པ་གཙོར་འཛིན་པ་དང་།ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་གྲོན་དངུལ་དུས་ཐོག་ཏུ་མཁོ་སར་འབྱོར་བར་ཁག་ཐེག་བྱ་དགོས། ཀྲུང་དབྱང་གིས་ཀྲུང་དབྱང་གི་རིམ་པའི་འབྲེལ་ཡོད་འགྲོ་གྲོན་དང་ཀྲུང་དབྱང་གི་སྡེ་ཁག་གིས་འགན་འཁུར་བའི་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)ལས་བརྒལ་བའི་ཡོངས་བཤེར་བྱ་བའི་འབྲེལ་ཡོད་འགྲོ་གྲོན་གཏོང་བའི་འགན་འཁུར་བ་མ་ཟད། ཆེད་སྤྱོད་མ་དངུལ་སྤོ་སྤྲོད་བྱས་པར་བརྟེན་ནས་ས་གནས་ལ་ཁ་གསབ་རོགས་དངུལ་འོས་འཚམ་ཞིག་སྟེར་དགོས།དྲུག ཡོངས་བཤེར་ལས་དོན་གྱི་བླང་བྱ།རྒྱལ་ཡོངས་ཀྱི་རང་བྱུང་གནོད་འཚེའི་ཕྱོགས་བསྡུས་ཉེན་ཁར་ཡོངས་བཤེར་བྱེད་མཁན་མི་སྣ་དང་ཡོངས་བཤེར་བྱ་ཡུལ་གྱིས་ངེས་པར་དུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བསྡོམས་རྩིས་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་ཕབ་དང་ཐེངས་འདིའི་ཡོངས་བཤེར་གྱི་བྱེ་བྲག་གི་བླང་བྱ་ལྟར། གནས་ཚུལ་ཇི་མ་ཇི་བཞིན་ཞུ་བ་དང་འབྲེལ་ཡོད་གཞི་གྲངས་མཁོ་འདོན་བྱ་དགོས་ཤིང་། ཡོངས་བཤེར་རེའུ་མིག་དུས་ཐོག་ཏུ་བསྐངས་ནས་གཞི་གྲངས་ཆ་ཚང་ཞིང་བདེན་པ་ཡིན་པ་དང་བློས་འགེལ་ཆོག་པར་ཁག་ཐེག་བྱ་དགོས། ས་གནས་དང་སྡེ་ཁག སྡེ་ཚན། མི་སྒེར་བཅས་སུ་དང་གང་ཞིག་གིས་ཀྱང་རྫུན་ཞུ་དང་གསང་ཞུ། མི་ཞུ་བ། འགྱངས་ཞུ་བཅས་བྱེད་མི་ཆོག་ལ། ཡོངས་བཤེར་བྱས་པའི་གཞི་གྲངས་རྫུན་བཟོ་དང་བཟོ་བཅོས་བྱེད་མི་ཆོག ཡོངས་བཤེར་བྱས་འབྲས་རིམ་པ་བཞིན་དུ་ཡར་ཞུ་བྱས་ཏེ། གཏན་ཕབ་ཀྱི་གོ་རིམ་བཞིན་ཆོག་མཆན་ཐོབ་རྗེས་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱ་དགོས།རིམ་པ་སོ་སོའི་ཡོངས་བཤེར་ལས་ཁུངས་དང་དེའི་ལས་བྱེད་མི་སྣས་ཡོངས་བཤེར་བྱེད་ཁྲོད་ཤེས་རྟོགས་བྱུང་བའི་གསང་བར་གཏོགས་པའི་དཔྱད་ཡིག་དང་གཞི་གྲངས་ལ་ངེས་པར་དུ་གསང་སྲུང་གི་འོས་འགན་གཟབ་ནན་གྱིས་བསྒྲུབ་དགོས།ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཚགས་པར་དང་དུས་དེབ། རྒྱང་སྒྲོག བརྙན་འཕྲིན།དྲ་བ་སོགས་སྨྱན་བྱད་བེད་སྤྱོད་གང་ལེགས་བྱས་ནས།རྒྱལ་ཡོངས་ཀྱི་རང་བྱུང་གནོད་འཚེའི་ཕྱོགས་བསྡུས་ཉེན་ཁར་ཡོངས་བཤེར་བྱ་བའི་དོན་སྙིང་གལ་ཆེན་དང་བླང་བྱ་རྒྱ་ཆེ་གཏིང་ཟབ་ཏུ་དྲིལ་བསྒྲགས་བྱས་ཏེ་ཡོངས་བཤེར་བྱེད་པར་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་བོ་ཞིག་བསྐྲུན་དགོས།


རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན།

2020ལོའི་ཟླ5བའི་ཚེས31ཉིན།