༄༅། །རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱི་པྲོག་གསར་གློ་ཚད་རིམས་བབ་ཀྱི་གནོད་རྐྱེན་ལ་ཁ་གཏད་བཅག་ནས་ལས་ཞུགས་བརྟན་འཇགས་གཏོང་ཐབས་ཤུགས་དྲག་ཏུ་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར།

རྒྱལ་གཞུང་སྤེལ﹝2020﹞ཨང6པ།

ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་སོ་སོའི་མི་དམངས་སྲིད་གཞུང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཨུ་སོ་སོ་དང་ཐད་གཏོགས་ལས་ཁུངས་སོ་སོ་བཅས་ལ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་པྲོག་གསར་གློ་ཚད་རིམས་བབ་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་བྱ་བར་གཅིག་འདོམས་ཀྱིས་སྐུལ་འདེད་བྱེད་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱས་ནས། ལས་ཞུགས་མགྱོགས་མྱུར་ངང་སླར་གསོ་དང་བརྟན་འཇགས་གཏོང་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་འཐད་པ་བྱུང་བ་བརྒྱུད་དེ་ད་ལྟ་བསམ་འཆར་བཏོན་པ་གཤམ་གསལ་ལྟར།
       གཅིག ལས་ཞུགས་དམིགས་བསལ་གྱིས་སྔོན་ལ་འཇོག་པའི་སྲིད་ཇུས་སྔར་ལས་ལག་བསྟར་བཟང་བོ་བྱ་དགོས།
       (གཅིག) ཁེ་ལས་ཀྱི་ལས་ཐོན་སླར་གསོ་ལ་སྐུལ་འདེད་གཏང་དགོས། ཁུལ་དང་རིམ་པ་བགོས་ཏེ་གནད་ཁེལ་སྒོས་འགོག་སྡོམ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས།ལས་ཐོན་སླར་གསོ་ལ་ཞབས་ཕྱི་སྒྲུབ་པའི་སྟབས་ཇེ་བདེ་དང་ལུགས་མིན་གྱི་ཞིབ་མཆན་མེད་པར་བཟོས་ཐོག ངལ་རྩོལ་པ་ཕྱིར་ལས་གནས་སུ་ལོག་པར་ཚོད་འཛིན་པའི་ལུགས་མིན་གྱི་གཏན་འབེབས་རྦད་ཆོད་ཀྱིས་ཡོ་བསྲང་བྱ་དགོས། ལས་གྲྭའི་ལས་གཞི་གལ་ཆེན་དང་ཕྱིར་གཏོང་ཁེ་ལས་གཙོ་བོས་ལས་སྒོ་འབྱེད་པའམ་ལས་ཀ་སླར་གསོ་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། བཟོ་སྐྲུན་དང་ཨར་ལས། དངོས་ཟོང་འགྲེམ་སྐྱེལ། སྤྱི་པའི་ཞབས་ཕྱི་བཅས་ཀྱི་ལས་རིགས་དང་ཞིང་ལས་ཐོན་སྐྱེད་སོགས་འགག་གཏོར་ས་བྱས་ཏེ། གཙོ་གནད་ལས་རིགས་དང་ཉེན་ཁ་ཆུང་བའི་ས་ཁུལ་གྱི་ལས་ཞུགས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། ལས་རིགས་དང་ས་ཁུལ་གཞན་དག་གི་ལས་ཞུགས་ལ་རིམ་བཞིན་སྐུལ་ཁྲིད་བྱ་དགོས།ལས་ཐོན་སླར་གསོ་བྱས་པའི་ཁེ་ལས་ཀྱི་ནམ་རྒྱུན་གྱི་འགོག་སྲུང་དངོས་རྫས་དགོས་མཁོ་མཐུན་སྦྱོར་སྒོས་ཐག་གཅོད་པ་དང་། དེས་ལས་གནས་དང་ཟ་ཁང་།ཉལ་ཁང་སོགས་སུ་འགོག་སྡོམ་བྱེད་ཐབས་དོན་འཁྱོལ་བྱ་བར་སྐུལ་འདེད་གཏང་དགོས།(འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ།འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། འཕྲོད་བསྟེན་བདེ་ཐང་ཨུ་ལྷན་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས།)

(གཉིས) ཁུར་བོ་ཇེ་ཡང་དང་ལས་གནས་བརྟན་འཇགས་གཏོང་ཤུགས་ཇེ་ཆེར་གཏང་དགོས། དུས་རིམ་རང་བཞིན་དང་དམིགས་གཏད་ཡོད་པའི་སྒོ་ནས་ཁྲལ་འཕྲི་ཡོན་གཅོག་གི་སྲིད་ཇུས་མྱུར་དུ་ལག་བསྟར་བྱ་དགོས། ལས་གནས་བརྟན་འཇགས་ཡོང་ཕྱིར་ལས་ཤོར་འགན་བཅོལ་གྲོན་དངུལ་ཕྱིར་སློག་ཚད་ཇེ་མང་དུ་བཏང་ནས། ལས་གཉེར་བ་མི་འཕྲི་བའམ་ཉུང་ཙམ་ལས་མི་འཕྲི་བའི་ཁེ་ལས་འབྲིང་ཆུང་ལ་ཕྱིར་སློག་པའི་ཚད་གཞི་ཆེས་མཐོ་ན་ཁེ་ལས་དང་དེའི་ལས་བཟོ་བས་ལོ་འཁོར་གོང་མར་ལས་ཤོར་འགན་བཅོལ་གྲོན་དངུལ་སྤྲད་པའི100%རུ་ཇེ་མཐོར་གཏོང་ཆོག་ལ། ཧུའུ་པེ་ཞིང་ཆེན་དུ་ཁེ་ལས་ཡོད་ཚད་ལ་རྒྱ་བསྐྱེད་ཆོག གནས་སྐབས་སུ་ཐོན་སྐྱེད་གཉེར་སྐྱོང་ལ་དཀའ་ངལ་ཡོད་རུང་སླར་གསོ་བྱེད་པར་རེ་བ་ཡོད་ཅིང་། ལས་གཉེར་བ་མི་འཕྲི་བའམ་ཉུང་ཙམ་ལས་མི་འཕྲི་བ་རྒྱུན་འཁྱོངས་བྱེད་བཞིན་པའི་འགན་བཅོལ་ནང་ཞུགས་པའི་ཁེ་ལས་ལ། དེའི་ལས་གནས་བརྟན་འཇགས་ཡོང་ཕྱིར་ལས་ཤོར་འགན་བཅོལ་གྲོན་དངུལ་ཕྱིར་སློག་པའི་སྲིད་ཇུས་ཀྱི་ངེས་གཏན་ཚད་གཞི་འོས་འཚམ་གྱིས་ཇེ་དམའ་རུ་གཏོང་བ་དང། གཙོ་བོ་རིམས་ནད་ཀྱི་གནོད་རྐྱེན་ཐེབས་པའི་ཁེ་ལས་ལ་གཟིགས་སྐྱོང་བྱ་དགོས། ཕྱིར་སློག་པའི་ཚད་གཞི་དེ་ས་གནས་དེ་གའི་ཟླ6ལས་མི་བརྒལ་བའི་ཟླ་རེའི་མི་རེའི་ཆ་སྙོམས་ཀྱི་ལས་ཤོར་འགན་བཅོལ་གྲོན་དངུལ་དང་འགན་བཅོལ་ནང་ཞུགས་པའི་ལས་བཟོ་བའི་མི་གྲངས་ལྟར་གཏན་ཁེལ་བྱེད་པ་དང་། ཡང་ན་ཟླ་གསུམ་ལས་མི་བརྒལ་བའི་ཁེ་ལས་དང་དེའི་ལས་བཟོ་བས་སྤྲད་དགོས་པའི་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་ལྟར་གཏན་ཁེལ་བྱེད་ཆོག

2020ལོའི་ཟླ6པའི་ཟླ་མཇུག་གི་སྔོན་དུ་ལས་གྲྭ་འཛུགས་སྐྲུན་ལས་གཞིའི་ནང་ཞུགས་པའི་གླ་རྒྱག་ཞིང་པའི་གླ་ཕོགས་ཀྱི་འབའ་དངུལ་གནས་སྐབས་སུ་འགྱངས་སྤྲོད་བྱེད་ཆོག་ལ།གཏོང་སྤྲོད་ཟིན་ཐོ་ལེགས་པའི་ཁེ་ལས་ཀྱིས་མ་སྤྲད་ན་ཆོག ཁེ་ལས་ཀྱིས་གཙོ་གནད་ཚོགས་སྤྱི་ལས་ཀའི་ནང་བསྡུས་པ་ལ་བཅད་གྲངས་དཔྱ་ཁྲལ་ཆག་ཡང་ངམ་རྩ་ཆག་གཏོང་བ་དང་། དངུལ་བུན་བསྐྱི་བར་འགན་ལེན་དང་སྐྱེད་ཀ་གསབ་སྤྲོད། ལས་ཞུགས་ཀྱི་རོགས་དངུལ་སྟེར་བ་སོགས་ཀྱི་སྲིད་ཇུས་དངོས་གནས་དོན་འཁྱོལ་བྱ་དགོས། དུས་རིམ་རང་བཞིན་གྱི་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་ཆག་ཡང་ངམ་རྩ་ཆག་གཏོང་བ་དང་འགྱངས་སྤྲོད་བྱེད་པའི་སྲིད་ཇུས་མྱུར་དུ་ལག་བསྟར་བྱ་དགོས་ལ། ཆག་ཡང་ངམ་རྩ་ཆག་གཏོང་སྐབས་སུ་ཁེ་ལས་ཀྱིས་ལས་ཀར་ཞུགས་དཀའ་བའི་མི་སྣ་བསྡུ་ལེན་བྱས་པར་སྤྱི་ཚོགས་འགན་བཅོལ་གྱི་གསབ་དངུལ་སྟེར་བའི་དུས་བཅད་ཕྱིར་བསྒྱང་ཆོག (ནོར་སྲིད་པུའུ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ཆུ་བེད་པུའུ། མི་དམངས་དངུལ་ཁང་། ཁྲལ་དོན་སྤྱི་ཁྱབ་ཅུས་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས། )

(གསུམ) དངུལ་གཏོང་དང་ཐོན་ལས་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་ཇེ་ཆེར་གཏང་དགོས། ཐོན་ལས་གལ་ཆེན་གྱིས་ལས་ཞུགས་ལ་ཐེབས་སྲིད་པའི་ཤུགས་རྐྱེན་དཔྱད་དཔོག་བྱས་ཏེ།ཐོན་ལས་གལ་ཆེན་གྱི་འཆར་འགོད་དུ་ལས་ཞུགས་ལ་སྐུལ་ཁྲིད་ཀྱི་དམིགས་འབེན་གསལ་བོར་བཟོ་བ་དང། ལས་ཞུགས་ལ་སྐུལ་ཁྲིད་ཀྱི་ནུས་པ་ཆེ་ཞིང་ཞིང་སྡེའི་ངལ་རྩོལ་པ་ཡུལ་དེ་གའམ་ཐག་ཉེ་ས་རུ་ལས་ཞུགས་དང་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ལས་ཀར་ཞུགས་པར་ཕན་པའི་ཐོན་ལས་ལ་དམིགས་བསལ་གྱིས་སྔོན་དུ་མ་དངུལ་གཏང་དགོས། འབྲེལ་ཡོད་ཐོན་ལས་དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་དུ་སྤོ་བར་ཁྲིད་སྟོན་བྱེད་པའི་སྲིད་ཇུས་བྱེད་ཐབས་མྱུར་དུ་གཏན་འབེབས་བྱས་ནས་འཐུས་ཚང་དུ་གཏང་དགོས། ལས་ཞུགས་ལ་སྐུལ་ཁྲིད་བྱེད་ནུས་ཆེ་ཞིང་ཁོར་ཡུག་ལ་ཤུགས་རྐྱེན་བཟོ་བར་ཚོད་འཛིན་ཐུབ་པའི་ལས་གཞི་ཁག་ཅིག་ལ་ཁོར་ཡུག་དཔྱད་འཇོག་དང་ཞིབ་མཆན་འགོད་པའི་ཆོག་འཐུས་གསལ་ཐོ་བཟོ་བ་དང། ཁོར་ཡུག་དཔྱད་འཇོག་གི“གློད་སྡོམ་ཞབས་གསུམ”བཅོས་སྒྱུར་བྱེད་ཤུགས་ཇེ་ཆེར་བཏང་ཐོག སྒོ་ཐེལ་བརྒྱབ་ནས་བཀག་ཉར་དང་ཐོན་སྐྱེད་ཚོད་འཛིན་དང་མཚམས་འཇོག་སོགས་བྱེད་ཐབས་སྤྱོད་པར་ཡིད་གཟབ་བྱ་དགོས། (འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་།མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། སྐྱེ་ཁམས་ཁོར་ཡུག་པུའུ། ཚོང་དོན་པུའུ་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས། )

(བཞི) རང་བདག་གིས་ལས་གཏོད་ཀྱི་ཁོར་ཡུག་ཇེ་ལེགས་སུ་གཏང་དགོས།“འཁྲོལ་འཛིན་དང་ལག་ཁྱེར་ལོགས་དབྱེའི”བཅོས་སྒྱུར་ཟབ་སྤེལ་དང་། “ལག་ཁྱེར་བླངས་རྗེས་འཁྲོལ་འཛིན་འཕྲི་བ”དང་ཞིབ་མཆན་འགོད་སྟངས་དང་སྡོད་གནས(གཉེར་སྐྱོང་བྱེད་ས)ཐོ་འགོད་འགྲོ་ལུགས་སྟབས་བདེར་བཟོ་བར་སྐུལ་འདེད་བཏང་ནས། རེ་འདུན་ཞུ་མཁན་གྱིས་གཉེར་སྐྱོང་བྱེད་ས་ཁྲིམས་མཐུན་སྒོས་བེད་སྤྱོད་པའི་དཔང་ཡིག་སྤྲད་རྗེས་སུ་ཐོ་འགོད་བྱེད་ཆོག ལས་གཏོད་མ་དངུལ་གྱིས“གཉིས་གཏོད”ལ་སྐུལ་འདེད་དང་ལས་ཞུགས་ཀྱི་ཚད་ཇེ་མང་དུ་གཏོང་བའི་ཐུན་མིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ལས་ཞུགས་ལ་སྐུལ་ཁྲིད་ཀྱི་ནུས་པ་ཆེ་བའི་ལས་གཏོད་ཐད་མ་དངུལ་འཇོག་མཁན་ཁེ་ལས་ལ་ཁྲིད་སྟོན་ཐེབས་རྩས་རོགས་སྐྱོར་དང་སྲིད་གཞུང་གི་ལས་གཞི་འབྲེལ་མཐུད་ལ་སོགས་པའི་སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱ་དགོས། ལས་གཏོད་ལ་འགན་ལེན་དངུལ་བུན་གྱིས་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་སྲིད་ཇུས་ཀྱི་ཁྱབ་རྒྱ་བསྐྱེད་དེ། རིམས་ནད་ཀྱི་གནོད་རྐྱེན་ཐེབས་པ་ཚབས་ཆེ་བའི་གཙོ་གནད་ཚོགས་སྤྱིར་དམིགས་བསལ་གྱིས་སྔོན་ལ་རྒྱབ་སྐྱོར་བྱེད་ཅིང་། ལས་གཏོད་ལས་གཞི་སྤུས་ལེགས་ལ་ལྡོག་སྟེ་འགན་ལེན་བྱ་དགོས་པའི་བླང་བྱ་མེད་པར་བཟོ་དགོས། སྲིད་གཞུང་གིས་མ་དངུལ་བཏང་ནས་གསར་སྤེལ་བྱས་པའི་གཉོར་སྐྱོང་རྟེན་གཞི་སོགས་ལས་གཏོད་འདྲེན་བྱེད་ལ་བསྡུར་ཚད་ངེས་ཅན་གྱི་གནས་ཡུལ་བཀོད་སྒྲིག་བྱས་ཏེ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་གླ་རྒྱག་ཞིང་པ་སོགས་གཙོ་གནད་ཚོགས་སྤྱིར་རིན་མི་ལེན་པར་འདོན་སྤྲོད་བྱ་དགོས། ལས་ཞུགས་ལ་སྐུལ་ཁྲིད་ནུས་པ་ཆེ་བའི“ཚོང་ཁང་ཆུང་གྲས་ཀྱི་དཔལ་འབྱོར”དང་རྐང་ཐང་ཁྲོམ་གཞུང་འཕེལ་རྒྱས་འགྲོ་ཚུལ་དེ་གྲོང་ཁྱེར་སོ་སོའི་ཕུལ་བྱུང་གསར་གཏོད་དང་སྔོན་ཐོན་དཔྱད་བསྡུར་རྣམ་གྲངས་ཀྱི་ཆ་རྐྱེན་གལ་ཆེན་དུ་བརྩི་དགོས། (འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། ནོར་སྲིད་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། ཚོང་དོན་པུའུ། མི་དམངས་དངུལ་ཁང་། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས། དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས།)

(ལྔ) ཐབས་ལམ་མང་པོ་སྤྱད་དེ་སྟབས་བསྟུན་གྱིས་ལས་ཀར་ཞུགས་པར་རྒྱབ་སྐྱོར་བྱ་དགོས། ངེས་གཏན་གྱི་གཉེར་སྐྱོང་བྱེད་ས་མེད་པའི་ཐང་ཚོང་ལ་དོ་དམ་བྱེད་སྟངས་ལུགས་མཐུན་གྱིས་གཏན་འབེབས་དང་། རང་མོས་ཁྲོམ་ར་དང་ཐང་ཁྲོམ་ཚོགས་པ་སོགས་གཉེར་སྐྱོང་དྲ་ཚིགས་གྲབས་འཇོག་བྱ་དགོས། ངལ་རྩོལ་པས་ལས་སྟེགས་ལ་བརྟེན་ནས་ལས་ཀར་ཞུགས་པར་རྒྱབ་སྐྱོར་བྱེད་པ་དང་། ལས་སྟེགས་ཀྱི་ལས་ཀར་ཞུགས་མཁན་གྱིས་ཐོན་སྐྱེད་གཉེར་སྐྱོང་ལ་དགོས་ངེས་ཀྱི་ཡོ་བྱད་ཉོ་སྒྲུབ་བྱ་དགོས་ཚེ། ལས་གཏོད་འགན་ལེན་དངུལ་བུན་དང་སྐྱེད་ཀའི་ཁ་གསབ་སྟེར་བར་རེ་འདུན་ཞུ་ཆོག ལས་སྟེགས་གཉེར་མཁན་ཁེ་ལས་ཀྱིས་བཅའ་སྡོད་ཆ་རྐྱེན་ཇེ་ལྷོད་དང་དོ་དམ་ཞབས་ཕྱིའི་གྲོན་དངུལ་ཇེ་ཉུང་དུ་གཏོང་བ་དང། ལས་སྟེགས་ཀྱི་ལས་ཀར་ཞུགས་མཁན་བར་དུ་གླ་ཆ་དང་ལས་ཡུན།ངལ་རྩོལ་སྲུང་སྐྱོང་སོགས་ཀྱི་ཐད་ནས་ལམ་ལུགས་ཅན་དང་རྒྱུན་གཏན་ཅན་གྱི་འབྲེལ་གཏུག་མཐུན་སྦྱོར་ལམ་སྲོལ་གཟུག་པར་ཁྲིད་སྟོན་བྱ་དགོས། སྟབས་བསྟུན་གྱིས་ལས་ཀར་ཞུགས་མཁན་དག་ཁེ་ལས་ཀྱི་ལས་བཟོ་བའི་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་པ་ལ། ཞིང་ཆེན་ནང་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཐེམ་ཐོའི་ཚོད་འཛིན་མེད་པར་བཟོས་ནས། ལས་ཞུགས་ཐད་དཀའ་ངལ་ཡོད་པའི་མི་སྣ་དང་མཐོ་རིམ་སློབ་གྲྭ་ལས་མཐར་ཕྱིན་ཏེ་ལོ་གཉིས་རིང་ལ་ལས་ཀར་ཞུགས་ཐུབ་མེད་པའི་སློབ་མར་སྟབས་བསྟུན་གྱིས་ལས་ཀར་ཞུགས་རྗེས་སུ་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་སྤྲད་པ་ལ། གཏན་འབེབས་ལྟར་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་གྱི་ཁ་གསབ་ངེས་ཅན་ཞིག་སྟེར་དགོས། (ནོར་སྲིད་པུའུ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། རང་བྱུང་ཐོན་ཁུངས་པུའུ། མི་དམངས་དངུལ་ཁང། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས།)

གཉིས། གླ་རྒྱག་ཞིང་པ་བདེ་འཇགས་སྒྲིག་ཡོད་སྒོས་ཡུལ་གཞན་དུ་སྤོར་ནས་ལས་ཀར་ཞུགས་པར་ཁྲིད་སྟོན་བྱ་དགོས།
      (དྲུག) སྒྲིག་ཡོད་སྒོས་ཕྱིར་སོང་ནས་ལས་ཀར་ཞུགས་པར་ཁྲིད་སྟོན་བྱ་དགོས། གཙོ་གནད་ཁེ་ལས་ཀྱིས་ལས་གཉེར་བ་བཀོད་གཏོང་བྱེད་པར་འགན་སྲུང་དང་། གླ་རྒྱག་ཞིང་པར“གནས་ནས་གནས་དང། གཅིག་འཐུས་རྣམ་པའི”ལས་གནས་སུ་ལོག་ནས་ལས་ཀ་སླར་གསོ་བྱེད་པར་ཞབས་ཕྱི་སྒྲུབ་ཤུགས་ཇེ་ཆེར་གཏོང་བ་དང་། བདེ་ཐང་ཆ་འཕྲིན་ཕན་ཚུན་གྱིས་ཁས་ལེན་པ་སོགས་ཀྱི་ལམ་སྲོལ་ཁྱབ་གདལ་དུ་བཏང་ནས། གཞི་ཁྱོན་ལྡན་པར་གཅིག་བསྡུས་ཀྱིས་ལས་གནས་སུ་ལོག་མཁན་ངལ་རྩོལ་པ་སྐྱེལ་འདྲེན་འགན་སྲུང་ནུས་པ་ཇེ་ཆེར་གཏང་དགོས། ངལ་རྩོལ་པས་སྒྲིག་ཡོད་སྒོས་ལས་ཀ་འཚོལ་བར་ཁྲིད་སྟོན་དང།ལས་གཉེར་བ་དགོས་མཁོའི་ཆ་འཕྲིན་དུས་ཐོག་ཏུ་འཚོལ་སྡུད་དང་ཁྱབ་བསྒྲགས་བྱས་ནས། ཡོང་ཁུངས་དང་འགྲོ་ཡུལ་གྱི་ཆ་འཕྲིན་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ཐོག ཉེན་ཁ་ཆུང་བའི་ས་ཁུལ་གྱི་གླ་རྒྱག་ཞིང་པ་གང་མགྱོགས་ཀྱིས་ལས་གནས་སུ་ལོག་ནས་ལས་ཀ་སླར་གསོ་བྱེད་པར་ཡར་སྐུལ་བྱ་དགོས། གཅིག་བསྡུས་ཀྱིས་ལས་གནས་སུ་ལོག་པར་རྩ་འཛུགས་དང་ལས་གཉེར་བ་ཕྱིར་བསྐྱེལ་བར་འབྲེལ་ཡོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་དང་འཕྲོད་བསྟེན་རིམས་འགོག་སོགས་ཐད་ནས་རྒྱབ་སྐྱོར་བྱ་དགོས། མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཕྱིའི་ལས་ཁུངས་དང་ངལ་ལས་བར་ཁེ་བས་ས་ཁོངས་བརྒལ་ནས་ལས་གཉེར་བ་ཕྱིར་བསྐྱེལ་བར་རྩ་འཛུགས་བྱེད་པ་ལ། ལས་ཞུགས་ལས་གཏོད་ཀྱི་ཞབས་ཕྱིའི་ཁ་གསབ་སྟེར་དགོས། (སྤྱི་བདེ་པུའུ་དང་། ནོར་སྲིད་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ།འཕྲོད་བསྟེན་བདེ་ཐང་ཨུ་ལྷན་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས།)

(བདུན) ཡུལ་དེ་གའམ་ཐག་ཉེ་ས་རུ་ལས་ཀར་ཞུགས་པར་རྒྱབ་སྐྱོར་བྱ་དགོས། དཔྱིད་ཀའི་ཞིང་ལས་ཐོན་སྐྱེད་ལེགས་འཛིན་དང་གསར་བྱུང་གི་ཞིང་ལས་གཉེར་སྐྱོང་བྱེད་པོ་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་ཐོག གནས་སྐབས་སུ་ཕྱིར་བགྲོད་མི་ཐུབ་པའི་གླ་རྒྱག་ཞིང་པ་དཔྱིད་རྨོ་རྨོ་གྲབས་ཀྱི་ལས་ཀའི་ནང་ཞུགས་པ་དང་། ཁྱད་ལྡན་གསོ་སྤེལ་དང་ལས་སྣོན་ཞིབ་མོ། སྐྱེ་ཁམས་ཡུལ་སྐོར་སོགས་ཀྱི་ལས་རིགས་གཉེར་པར་རྩ་འཛུགས་བྱ་དགོས། རྫོང་མཁར་དང་ལྟེ་བའི་གྲོང་རྡལ་དུ་མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཕྱིའི་སྒྲིག་བཀོད་ཁག་ཅིག་སྐྲུན་པ་དང་། ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་བཏང་ནས། ཞིང་སྡེའི་མི་སྡོད་ཁོར་ཡུག་ལེགས་བཅོས་ལས་གྲྭ་ལག་བསྟར་བྱེད་ཅིང། རྒུད་གསབ་ལས་སྤྲོད་ལས་གྲྭ་བསྐྲུན་ནས་གྲོང་གསེབ་ཀྱི་ངལ་རྩོལ་པ་དབུལ་བོ་དང་ཡོང་འབབ་ཉུང་བའི་མི་ཚོགས་དམིགས་བསལ་གྱིས་སྔོན་ལ་ལས་ཀའི་ནང་བསྡུ་ལེན་བྱ་དགོས། (འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ཞིང་ལས་ཞིང་སྡེ་པུའུ། འཕྲོད་བསྟེན་བདེ་ཐང་ཨུ་ལྷན་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས།)

(བརྒྱད) ངལ་རྩོལ་པ་དབུལ་བོ་དམིགས་བསལ་གྱིས་སྔོན་ལ་ལས་ཀར་ཞུགས་པར་རོགས་སྐྱོར་བྱ་དགོས།ཁེ་ལས་ཀྱིས་ལས་ཐོན་སླར་གསོ་དང་ལས་གཞི་གལ་ཆེན་སྐྲུན་མགོ་རྩོམ་པ། དངོས་ཟོང་འགྲེམ་སྐྱེལ་མ་ལག་འཛུགས་སྐྲུན་སོགས་ཐད་ལ་ངལ་རྩོལ་པ་དབུལ་བོ་དམིགས་བསལ་གྱིས་སྔོན་ལ་རྩ་འཛུགས་བྱས་ནས་བཀོལ་བ་དང་། ཁེ་ལས་ཀྱིས་ངལ་རྩོལ་པ་དབུལ་བོ་སྔར་ལས་མང་པོ་བསྡུ་བར་ཡར་སྐུལ་བྱ་དགོས། དབུལ་སྐྱོར་སྣེ་ཁྲིད་ཁེ་ལས་དང་དབུལ་སྐྱོར་འཁོར་ཁང་གིས་མྱུར་དུ་ལས་ཀ་སླར་གསོ་བྱེད་པར་རྒྱབ་སྐྱོར་བྱ་དགོས།སྤྱི་ཕན་རང་བཞིན་གྱི་ལས་གནས་ལ་བརྟེན་ནས་ཡུལ་དེ་གའམ་ཐག་ཉེ་ས་རུ་ལས་ཀར་ཞུགས་པའི་གོ་སྐབས་སྔར་ལས་མང་པོ་འདོན་སྤྲོད་བྱས་ནས། ངལ་རྩོལ་པ་དབུལ་བོ་དམིགས་བསལ་གྱིས་སྔོན་ལ་ཞབས་སྐྱོར་བཀོད་སྒྲིག་བྱ་དགོས། “ས་ཁུལ་གསུམ་དང་ཁུལ་གསུམ”སོགས་ཤིན་ཏུ་དབུལ་བའི་ས་ཁུལ་དང་དབུལ་ཞྭ་ཕུད་མེད་པའི་དབུལ་ཕོངས་རྫོང52། ཡུལ་གཞན་དུ་གནས་སྤོ་དབུལ་སྐྱོར་གྱི་བཀོད་སྒྲིག་ཁུལ་ཆེ་གྲས་བཅས་ལ་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏང་དགོས།ངལ་རྩོལ་པ་དབུལ་བོ་བསྡུས་ནས་ལས་ཞུགས་ཀྱི་གཞི་ཁྱོན་རྒྱ་ཆེར་བསྐྱེད་པ་ལ། ས་གནས་སོ་སོས་ནོར་སྲིད་ཀྱི་ཆེད་དོན་དབུལ་སྐྱོར་མ་དངུལ་སྤྱད་དེ་ཐེངས་གཅིག་རང་བཞིན་གྱི་བྱ་དགའ་སྤྲོད་ཆོག (འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་། ནོར་སྲིད་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། ཞིང་ལས་ཞིང་སྡེ་པུའུ། དབུལ་སྐྱོར་གཞུང་ལས་ཁང་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས།)
     གསུམ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ལས་ཞུགས་ཀྱི་ཐབས་ལམ་རྒྱ་བསྐྱེད་དགོས།

(དགུ) ཁེ་ལས་ཀྱིས་བསྡུ་བའི་གཞི་ཁྱོན་རྒྱ་བསྐྱེད་དགོས། ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས་ཀྱིས་མཐར་ཕྱིན་ལོ་འཁོར་གྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་བསྡུས་ཏེ་ལོ1ཡན་གྱི་ངལ་རྩོལ་གན་རྒྱ་བཞག་པ་ལ། ཐེངས་གཅིག་རང་བཞིན་གྱི་ལས་ཞུགས་ཁ་གསབ་སྟེར་དགོས། རྒྱལ་དབང་ཁེ་ལས་ཀྱིས་ད་ལོ་དང་སང་ལོར་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་བསྡུ་བའི་གཞི་ཁྱོན་བསྟུད་མར་རྒྱ་བསྐྱེད་དགོས་པ་ལས། གན་རྒྱ་རང་དགར་གྱིས་རྩིས་མེད་དུ་གཏོང་མི་ཆོག་ལ། རང་སྡེ་ཚན་དུ་དངོས་སྦྱོང་བྱས་པའི་དུས་ཚད་དེ་ལས་ཞུགས་གདན་ཞུའི་སྔོན་འགྲོའི་ཆ་རྐྱེན་དུ་བརྩི་མི་ཆོག (ནོར་སྲིད་པུའུ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན། རྡོ་ཐ་ཅུས། སྦྲག་སྲིད་ཅུས་སོགས་སྡེ་ཁག་དང་ཁེ་ལས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས།)
       (བཅུ) གཞི་རིམ་དུ་ལས་ཞུགས་ཀྱི་གཞི་ཁྱོན་རྒྱ་བསྐྱེད་དགོས། རིམ་པ་སོ་སོའི་དོན་ལས་སྡེ་ཚན་གྱི་སྟོང་བར་ལུས་པའི་ལས་གནས་སུ་ད་ལོ་དང་སང་ལོར་ཆེད་དུ་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་བསྡུ་བའི་བསྡུར་ཚད་ཇེ་མཐོར་གཏང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་སོགས་གཞི་རིམ་གྱི་སྤྱི་པའི་དོ་དམ་དང་སྤྱི་ཚོགས་ཞབས་ཕྱིའི་ལས་གནས་གསར་སྤེལ་བྱ་དགོས། “རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་འཆར་གཞི་སོགས་གཞི་རིམ་གྱི་ཞབས་ཕྱིའི་ལས་གཞིའི་ཐད་ལ་བསྡུ་བའི་གཞི་ཁྱོན་རྒྱ་བསྐྱེད་དགོས། སྒྱུར་བཅོས་བྱེད་ཐབས་བཏོན་ཏེ་ཆེད་ལས་ཁ་ཤས་ཀྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མར་ཡིག་རྒྱུགས་མི་ལེན་པར་འབྲེལ་ཡོད་ལས་རིགས་ཀྱི་ཐོབ་ཐང་ལག་ཁྱེར་ལེན་དུ་འཇུག་དགོས།དམངས་གཉེར་ཁེ་ལས་ཀྱི་ཆེད་ལས་ལག་རྩལ་གྱི་ལས་ཐོབ་ཞིབ་དཔྱད་ཐབས་ལམ་ཐོགས་མེད་དུ་བཟོ་དགོས།(སློབ་གསོ་པུའུ་དང་། དམངས་སྲིད་པུའུ། ནོར་སྲིད་པུའུ།མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ།ཞིང་ལས་ཞིང་སྡེ་པུའུ་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས།)
     (བཅུ་གཅིག) སློབ་མ་དམག་ནང་དུ་བསྡུ་བའི་གཞི་ཁྱོན་རྒྱ་བསྐྱེད་དགོས། 2020ལོར་རབ་འབྱམས་པའི་ཞིབ་འཇུག་སློབ་མ་དང་མཐོ་རིམ་སློབ་གྲྭ་དཀྱུས་མའི་ཆེད་སྦྱོང་ནས་དངོས་གཞིའི་ཚན་ཁག་ཏུ་འཕར་བའི་སློབ་མ་བསྡུ་བའི་གཞི་ཁྱོན་རྒྱ་བསྐྱེད་དགོས། སློབ་ཆེན་སློབ་མས་དམག་སྐུལ་དང་བླངས་ཀྱིས་དམག་ནང་དུ་ཞུགས་པའི་གཞི་ཁྱོན་རྒྱ་བསྐྱེད་པ་དང་། དམག་ནང་དུ་ཞུགས་པར་སྐུལ་ལྕག་གཏོང་བའི་སྲིད་ཇུས་འཐུས་ཚང་དུ་བཏང་ནས་ལོ་འདི་གའི་མཐར་ཕྱིན་སློབ་མ་བསྡུ་བའི་བསྡུར་ཚད་ཤུགས་ཆེན་པོས་ཇེ་མཐོར་གཏང་དགོས། (འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་། སློབ་གསོ་པུའུ། ནོར་སྲིད་པུའུ། དམག་ཁོངས་ནས་བུད་པའི་དམག་མི་པུའུ། ཀྲུང་དབྱང་དམག་ཨུའི་ཆབ་སྲིད་ལས་དོན་པུའུ། ཀྲུང་དབྱང་དམག་ཨུའི་རྒྱལ་སྲུང་སྐུལ་སློང་པུའུ་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས།)

(བཅུ་གཉིས) ལས་ཞུགས་ལྟ་སྦྱོང་གི་གཞི་ཁྱོན་རྒྱ་བསྐྱེད་དགོས། ཁེ་ལས་དང་སྲིད་གཞུང་གིས་མ་དངུལ་གཏོང་བའི་ལས་གཞི། ཚན་རིག་ཞིབ་འཇུག་གི་ལས་གཞི་བཅས་སུ་ལྟ་སྦྱོང་ལས་གནས་འཛུགས་པར་རྒྱབ་སྐྱོར་བྱ་དགོས། རིམས་ནད་ཀྱི་དབང་གིས་ལྟ་སྦྱོང་གནས་སྐབས་སུ་མཚམས་བཞག་པ་ལ། ལྟ་སྦྱོང་སྡེ་ཚན་ལ་ཁ་གསབ་སྟེར་བའི་དུས་ཡུན་དེར་བསྟུན་གྱིས་ཇེ་རིང་དུ་གཏང་དགོས། ལྟ་སྦྱོང་དུས་ཡུན་མ་ལོངས་པར་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་ངལ་རྩོལ་གན་རྒྱ་བཞག་ཚེ། ལྟ་སྦྱོང་སྡེ་ཚན་ལ་ལྷག་ཡོད་པའི་དུས་ཡུན་གྱི་ལྟ་སྦྱོང་ཁ་གསབ་སྟེར་དགོས། (ནོར་སྲིད་པུའུ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། ཚོང་དོན་པུའུ། རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན། གུང་གཞོན་ཚོགས་པ་ཀྲུང་དབྱང་ཨུ་ལྷན་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས།)

(བཅུ་གསུམ) བསྡུ་སྤྱོད་ཀྱི་དུས་ཚོད་འོས་འཚམ་གྱིས་ཕྱིར་བསྒྱང་དགོས། མི་སྤྱོད་མཁན་སྡེ་ཚན་གྱིས་ཁ་རྒྱུགས་ལེན་པ་དང་ལུས་ཕུང་བརྟག་བཤེར། གན་རྒྱ་འཇོག་པ། བསྡུ་ལེན་བཅས་ཀྱི་དུས་ཚོད་ཕྱིར་བསྒྱང་བར་ཁྲིད་སྟོན་བྱ་དགོས། སློབ་གྲྭ་དང་འབྲལ་བའི་དུས་ཚོད་ཕྱིར་བསྒྱངས་པའི་ལོ་འདི་གའི་མཐར་ཕྱིན་སློབ་མར་འབྱོར་ཐོ་འགོད་པ་དང་ཡིག་ཚགས་བརྒྱུད་སྤྲོད།ཐེམ་ཐོ་འགོད་པ་བཅས་ཀྱི་དུས་བཅད་དེར་མཐུན་གྱིས་ཇེ་རིང་དུ་གཏང་དགོས། སློབ་གྲྭ་དང་བྲལ་ནས་ལས་ཀར་ཞུགས་ཐུབ་མེད་པའི་མཐར་ཕྱིན་སློབ་མས་རང་གི་འདོད་མོས་ལྟར་ཐེམ་ཐོ་དང་ཡིག་ཚགས་སློབ་གྲྭ་རུ་ལོ2ལ་བསྐྱུར་བའམ་རང་ཉིད་ཡོང་ཁུངས་ཀྱི་སྤྱི་པའི་ལས་ཞུགས་ཤེས་ལྡན་པའི་ཞབས་ཕྱིའི་ལས་ཁུངས་སུ་སྤར་ཏེ། ལོ་འདི་གའི་མཐར་ཕྱིན་སློབ་མའི་མིང་ཐོག་ནས་མི་སྤྱོད་མཁན་སྡེ་ཚན་གྱི་ཡིག་རྒྱུགས་དང་བསྡུ་སྤྱོད་ནང་ཞུགས་ཆོག་པ་དང་། ལས་ཁུངས་བཙལ་རྗེས་ལོ་འདི་གའི་མཐར་ཕྱིན་སློབ་མ་ལྟར་འབྲེལ་ཡོད་འགྲོ་ལུགས་བསྒྲུབ་དགོས། (སློབ་གསོ་པུའུ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས།)

བཞི། མི་དཀའ་ངལ་ཅན་ལ་ཐ་སྐྱོང་འགན་སྲུང་བྱེད་ཤུགས་ཇེ་ཆེར་གཏང་དགོས།
      (བཅུ་བཞི) ལས་ཤོར་མི་སྣའི་གཞི་རྩའི་འཚོ་བ་འགན་སྲུང་བྱ་དགོས། ལས་ཤོར་འགན་བཅོལ་གྲོན་དངུལ་ལེན་པར་རེ་ཞུའི་ཐབས་ལམ་ཐོགས་མེད་དུ་བཟོ་བ་དང་། ལས་ཤོར་འགན་བཅོལ་ལེན་པར་རེ་ཞུའི་དུས་བཅད་ཇེ་རིང་དུ་བཏང་སྟེ། 2020ལོའི་ཟླ4བའི་ཟླ་མཇུག་གི་སྔོན་ལ་དྲ་ཐོག་ཏུ་ལས་ཤོར་འགན་བཅོལ་གྲོན་དངུལ་ལེན་པར་རེ་ཞུ་ཐུབ་པར་བྱ་དགོས། ལས་ཤོར་འགན་བཅོལ་གྲོན་དངུལ་ལེན་པའི་དུས་ཡུན་ལོངས་ཀྱང་ལས་ཀར་ཞུགས་ཐུབ་མེད་པའི་ལས་ཤོར་མི་སྣ་དང་། ལས་ཤོར་འགན་བཅོལ་གྲོན་དངུལ་ལེན་པའི་ཆ་རྐྱེན་མི་ལྡན་པའི་འགན་བཅོལ་ནང་ཞུགས་པའི་ལས་ཤོར་མི་སྣ་དག་ལ་ཟླ་བ6གི་ལས་ཤོར་ཁ་གསབ་རོགས་དངུལ་སྟེར་དགོས་ལ། དེའི་ཚད་གཞི་ས་གནས་དེ་གའི་ལས་ཤོར་འགན་བཅོལ་གྲོན་དངུལ་གྱི80%ལས་མང་མི་རུང་། འཚོ་བར་དཀའ་ངལ་ཡོད་པའི་ལས་ཤོར་མི་སྣ་དང་ཁྱིམ་ཚང་དག་གཏན་འབེབས་ལྟར་དུས་ཐོག་ཏུ་མ་མཐའི་འཚོ་བ་འགན་སྲུང་དང་གནས་སྐབས་རོགས་སྐྱོབ་སོགས་སྤྱི་ཚོགས་རོགས་སྐྱོབ་ཀྱི་ཁྱབ་ཁོངས་སུ་གཞུག་དགོས། (དམངས་སྲིད་པུའུ་དང་། ནོར་སྲིད་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས།)

(བཅོ་ལྔ) མི་དཀའ་ངལ་ཅན་ལ་ལས་ཞུགས་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏང་དགོས། ལས་ཀར་ཞུགས་དཀའ་བའི་མི་སྣ་ངོས་འཛིན་གྱི་ཚད་གཞི་འགུལ་རྣམ་ལྟར་ལེགས་སྒྲིག་བྱས་ཏེ། རིམས་ནད་ཀྱི་གནོད་རྐྱེན་ཐེབས་པའི་མི་སྣ་དུས་ཐོག་ཏུ་ལས་ཞུགས་རོགས་སྐྱོར་གྱི་ཁྱབ་ཁོངས་སུ་བཅུག་ནས་མི་གཅིག་ཀྱང་ལས་ཀར་ཞུགས་ཐུབ་མེད་པའི་ཁྱིམ་ཚང་འགུལ་རྣམ་ལྟར་གཙང་སེལ་ཐུབ་པར་ཁག་ཐེག་བྱ་དགོས།ཁྲོམ་རའི་ཐབས་ལམ་བརྒྱུད་དེ་དངོས་གནས་ལས་ཀར་ཞུགས་དཀའ་བའི་རིགས་ལ་སྤྱི་ཕན་རང་བཞིན་གྱི་ལས་གནས་སྤྱད་དེ་ཞབས་སྐྱོར་བཀོད་སྒྲིག་བྱ་དགོས།དུག་སེལ་རིམས་འགོག་དང་ཁོར་ཡུག་གི་གཙང་སྦྲ་འཕྲོད་བསྟེན་སོགས་གནས་སྐབས་རང་བཞིན་གྱི་སྤྱི་ཕན་ལས་གནས་ཁག་ཅིག་གསར་སྤེལ་བྱས་ཏེ། བྱ་བའི་ལས་འགན་དང་ལས་ཡུན་ལྟར་ལས་གནས་ཀྱི་ཁ་གསབ་རོགས་དངུལ་དང་སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་ངེས་ཅན་ཞིག་སྟེར་དགོས་ལ། ཁ་གསབ་རོགས་དངུལ་སྟེར་བའི་དུས་བཅད་ཆེས་རིང་ན་ཟླ་བ6ལས་བརྒལ་མི་རུང་བ་དང་། དེར་མཁོ་བའི་མ་དངུལ་དེ་ལས་ཞུགས་ཁ་གསབ་རོགས་དངུལ་ཁྲོད་ནས་གཏང་དགོས། (ནོར་སྲིད་པུའུ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། ཀྲུང་གོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས།)
      (བཅུ་དྲུག) ཧུའུ་པེ་སོགས་རིམས་བབ་ཚབས་ཆེ་བའི་ས་ཁུལ་ལ་ལས་ཞུགས་ཐད་ནས་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏང་དགོས། ཞིང་སྤྱོད་དངོས་རྫས་གནས་ནས་གནས་ལ་འདྲེན་པར་འགན་སྲུང་གི་ཐོགས་མེད་བགྲོད་ལམ་བསྐྲུན་ཏེ། ཧུའུ་པེ་ཞིང་ཆེན་གྱི་ཞིང་ལས་ཐོན་སྐྱེད་རྩ་འཛུགས་བྱ་བར་རོགས་སྐྱོར་བྱ་དགོས། ཧུའུ་པེའི་མཐོ་རིམ་སློབ་གྲྭ་དང་ཐེམ་ཁུངས་ཧུའུ་པེ་ཡིན་པའི2020ལོའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མར་ཐེངས་གཅིག་རང་བཞིན་གྱི་ལས་འཚོལ་ལས་གཏོད་ཀྱི་ཁ་གསབ་རོགས་དངུལ་སྟེར་དགོས་ཤིང་། ཧུའུ་པེ་ཞིང་ཆེན་གྱི་རིམ་པ་སོ་སོའི་དོན་ལས་སྡེ་ཚན་གྱིས་ཧུའུ་པེའི་མཐོ་རིམ་སློབ་གྲྭ་དང་ཐེམ་ཁུངས་ཧུའུ་པེ་ཡིན་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མར་ཁ་ཕྱོགས་ཏེ་ཆེད་དམིགས་གདན་ཞུ་བྱེད་ཆོག་ལ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མས་གཞི་རིམ་ལ་ཞབས་ཕྱི་སྒྲུབ་པའི་ལས་གཞིའི་ཐད་ནས་ཧུའུ་པེ་ཞིང་ཆེན་ལ་གཟིགས་སྐྱོང་བྱ་དགོས། ཧུའུ་པེ་ཞིང་ཆེན་གྱི་རིམས་བབ་སེལ་རྗེས་ཀྱི་ལས་ཞུགས་བྱ་བ་ལེགས་པོར་སྒྲུབ་པ་དང་། མ་དངུལ་དང་སྲིད་ཇུས། ལས་གཞི་བཅས་ཀྱིས་གཟིགས་སྐྱོང་བྱེད་ཤུགས་ཇེ་ཆེར་བཏང་ཐོག ཆེད་དམིགས་གདན་ཞུ་དང་ཆེད་དམིགས་རོགས་སྐྱོར་བྱ་དགོས། ལས་ཞུགས་དྲང་གཞག་སྲུང་སྐྱོང་བྱས་ནས་རིམས་ནད་ཚབས་ཆེ་བའི་ས་ཁུལ་གྱི་ལས་ཞུགས་ངལ་རྩོལ་པར་མཐོང་ཆུང་བྱེད་པའི་སྣང་ཚུལ་རྦད་དེ་ཡོ་བསྲང་བྱ་དགོས། (འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་། སློབ་གསོ་པུའུ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། ནོར་སྲིད་པུའུ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། ཞིང་ལས་ཞིང་སྡེ་པུའུ་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས།)

ལྔ། ལས་རིགས་གསོ་སྦྱོང་དང་ལས་ཞུགས་ཞབས་ཕྱི་འཐུས་ཚང་དུ་གཏང་དགོས།
     (བཅུ་བདུན) གཞི་ཁྱོན་ཆེན་པོའི་སྒོ་ནས་ལས་རིགས་ནུས་རྩལ་གསོ་སྦྱོང་བྱ་དགོས། ལས་ཤོར་མི་སྣ་དང་གླ་རྒྱག་ཞིང་པ་སོགས་ལ་ལས་རིགས་ནུས་རྩལ་གསོ་སྦྱོང་བྱེད་ཤུགས་ཇེ་ཆེར་བཏང་ནས། གླ་རྒྱག་ཞིང་པ་སོགས་གཙོ་གནད་ཚོགས་སྤྱིར་ཆེད་དོན་གསོ་སྦྱོང་བྱེད་ཅིང་། གསོ་སྦྱོང་གི་དུས་ཡུན་འོས་འཚམ་གྱིས་ཇེ་རིང་དུ་གཏང་དགོས། ཁེ་ལས་ཀྱིས་ལས་བཟོ་བ་རྩ་འཛུགས་བྱས་ཏེ་དྲ་ཐོག་དང་དྲ་ཕྱི་རུ་གསོ་སྦྱོང་བྱས་པ་དང་གསར་དུ་བསྡུ་སྤྱོད་བྱས་པའི་གླ་རྒྱག་ཞིང་པ་དང་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་རྩ་འཛུགས་བྱས་ཏེ་ལས་གནས་སུ་མ་ཞུགས་སྔོན་དུ་གསོ་སྦྱོང་བྱས་པ་ལ། ལས་རིགས་གསོ་སྦྱོང་གི་ཁ་གསབ་རོགས་དངུལ་སྟེར་དགོས། འགུལ་རྣམ་ལྟར་ལས་རིགས་གསར་བ་ཁྱབ་བསྒྲགས་བྱས་ཐོག ཉེར་མཁོའི་ལས་རིགས་དཀོན་པོའི་ནུས་རྩལ་གྱི་ཚད་གཞི་རྩ་འཛུགས་བྱས་ནས་གཏན་འབེབས་བྱ་དགོས། (ནོར་སྲིད་པུའུ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས།)

(བཅོ་བརྒྱད) ལས་ཞུགས་ཞབས་ཕྱི་ལེགས་སྒྱུར་བྱ་དགོས། 2020ལོའི་ཟླ3པའི་ཟླ་མཇུག་གི་སྔོན་དུ་དྲ་ཐོག་ཏུ་ལས་ཤོར་ཐོ་འགོད་བྱ་དགོས། དྲ་ཐོག་ཏུ་ལས་ཞུགས་ཞབས་ཕྱི་དང་ཁ་གསབ་རོགས་དངུལ་རེ་ཞུ་བྱེད་པར་སྐུལ་འདེད་གཏང་དགོས། དྲ་ཐོག་ཏུ་གདན་ཞུའི་ཞབས་ཕྱི་བསྟུད་མར་བསྒྲུབས་ནས། སྤྱི་པའི་ལས་ཞུགས་ཞབས་ཕྱིའི་ལས་ཁུངས་དང་མཐོ་རིམ་སློབ་གྲྭའི་ལས་ཞུགས་མཛུབ་ཁྲིད་ལས་ཁུངས། གཉེར་སྐྱོང་རང་བཞིན་གྱི་མི་ཤུགས་ཐོན་ཁུངས་ཞབས་ཕྱིའི་ལས་ཁུངས་བཅས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། ལས་གནས་ཆ་འཕྲིན་དང་ལས་རིགས་མཛུབ་སྟོན། དྲ་ཐོག་ཏུ་ཁ་རྒྱུགས་ལེན་པ་སོགས་ཀྱི་ཞབས་ཕྱི་འདོན་སྤྲོད་བྱེད་ཤུགས་ཇེ་ཆེར་གཏང་དགོས། ལོ་ན་ཆེ་བ་དང་རྩལ་ནུས་ཞན་པའི་ངལ་རྩོལ་པར་ཁ་པར་དང་འཕྲིན་ཐུང་སོགས་ཀྱི་རྣམ་པ་བརྒྱུད་ནས་ལས་གནས་ཆ་འཕྲིན་འོས་སྦྱོར་བྱས་ཏེ་ལས་ཀ་འཚོལ་བ་དང་གདན་ཞུས་དང་ལེན་སོགས་ཀྱི་ཆེད་དོན་ཞབས་ཕྱི་འདོན་སྤྲོད་བྱ་དགོས། ཉེན་ཁ་ཆུང་བའི་ས་ཁུལ་གྱིས་སྒྲིག་ཡོད་སྒོས་ཆེད་དོན་འདོན་མཁོ་འབྲེལ་མཐུད་བྱེད་སྒོ་ཆུང་བ་སྤེལ་ཆོག ལས་གཉེར་བ་བཀོལ་བའི་མཛུབ་ཁྲིད་ཞབས་ཕྱི་ལེགས་སྒྱུར་བྱེད་པ་དང་། དཀའ་ངལ་ཡོད་པའི་ཁེ་ལས་ཀྱིས་ལས་བཟོ་བ་དང་གྲོས་མོལ་བྱས་ནས་གླ་ཕོགས་ལེགས་སྒྲིག་དང་། ལས་གནས་བརྗེ་རེས་དང་ངལ་གསོ་རེས། ལས་ཀའི་དུས་ཚོད་སྟབས་བསྟུན་གྱིས་བཀོད་སྒྲིག་སོགས་བྱེད་སྟངས་སྤྱད་དེ་ལས་གནས་བརྟན་འཇགས་གཏོང་བ་དང་། ཁྲིམས་ལྟར་ལས་གཉེར་བ་ཉུང་འཕྲིའི་བྱ་སྤྱོད་ཚད་ལྡན་དུ་གཏང་དགོས། (སློབ་གསོ་པུའུ་དང་། ནོར་སྲིད་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས།)

དྲུག ལས་ཞུགས་བྱ་བའི་འགན་འཁྲི་ནན་དཀྲི་བྱ་དགོས།
      (བཅུ་དགུ)རྩ་འཛུགས་དང་མགོ་ཁྲིད་བྱེད་ཤུགས་ཇེ་ཆེར་གཏང་དགོས། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་རིམས་བབ་འགོག་སྡོམ་དམིགས་སར་འབྱོར་བའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ་ལས་ཞུགས་བརྟན་འཇགས་གཏོང་བའི་བྱ་བ་སྣ་ཚོགས་ལྷོད་གཡེང་སྤུ་ཙམ་མི་བྱེད་པར་དམ་འཛིན་དང་དངོས་འཛིན་ཞིབ་འཛིན་བྱ་དགོས། རྫོང་རིམ་པ་ཡན་གྱི་ས་གནས་སྲིད་གཞུང་གིས་སྲིད་གཞུང་གི་འགན་འཁུར་བས་སྣེ་ཁྲིད་པའི་ལས་ཞུགས་བྱ་བའི་མགོ་ཁྲིད་ལམ་སྲོལ་མྱུར་དུ་བཙུགས་ཏེ། བྱ་བའི་འགན་འཁྲི་ནན་དཀྲི་དང་རོགས་སྐྱོར་སྲིད་ཇུས་ཞིབ་ཅིང་དོན་དམ་ཅན་དུ་གཏང་དགོས། འབྲེལ་ཡོད་སྡེ་ཁག་སོ་སོས་ཕྱོགས་གཅིག་ལ་ཤུགས་བཏོན་ནས་ལས་ཞུགས་བརྟན་འཇགས་གཏོང་བའི་དགོས་མཁོར་དམིགས་ཏེ། སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་བྱས་ཁར་འཐུས་ཚང་དུ་བཏང་སྟེ་བྱ་བའི་སྒྲིལ་ཤུགས་ཆགས་སུ་འཇུག་དགོས། སྤྱི་པའི་ལས་ཞུགས་ཞབས་ཕྱིའི་མ་ལག་འཐུས་ཚང་དུ་བཏང་ནས་གཞི་རིམ་གྱི་སྤྱི་པའི་ལས་ཞུགས་ཞབས་ཕྱིའི་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཇེ་ཆེ་དང་། གཞི་རྩའི་སྤྱི་པའི་ལས་ཞུགས་ཞབས་ཕྱིའི་ཆུ་ཚད་ཇེ་མཐོར་གཏང་དགོས། (འབྲེལ་ཡོད་སྡེ་ཁག་དང་སྡེ་ཚན་སོ་སོ་དང་། ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་སོ་སོས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས།)

(ཉི་ཤུ) མ་དངུལ་འགན་སྲུང་བྱེད་ཤུགས་ཇེ་ཆེར་གཏང་དགོས། ལས་ཞུགས་ཀྱི་ཁ་གསབ་རོགས་དངུལ་དང་ལས་གནས་བརྟན་འཇགས་གཏོང་བའི་ཁ་གསབ་མ་དངུལ་གཏོང་ཤུགས་ཇེ་ཆེར་གཏང་དགོས། གྲོང་ཁྱེར་དང་རྫོང་སྲིད་གཞུང་གིས་ལས་ཞུགས་བརྟན་འཇགས་གཏོང་བའི་བྱ་བར་སྐུལ་འདེད་དང་སྲིད་ཇུས་ལག་བསྟར་གྱི་དགོས་མཁོར་གཞིགས་ནས་ལས་ཞུགས་ལས་གཏོད་དང་ལས་རིགས་གསོ་སྦྱོང་། ཉེན་ཟློག་གྲབས་དངུལ་སོགས་ཀྱི་མ་དངུལ་གཅིག་གྱུར་གྱིས་གྲབས་གསོག་དང་བེད་སྤྱོད་ལེགས་པོ་བྱ་དགོས། ལས་ཤོར་འགན་བཅོལ་ཐེབས་རྩའི་ལྷག་དངུལ་མང་བའི་ས་ཁུལ་གྱིས་ལས་གནས་བརྟན་འཇགས་ཡོང་ཕྱིར་ཁ་གསབ་རོགས་དངུལ་སྟེར་བ་དང་འཚོ་བ་འགན་སྲུང་གི་སྲིད་ཇུས་དོན་འཁྱོལ་བྱས་ནས་ཕན་ནུས་ཐོན་པར་བྱ་དགོས། (ནོར་སྲིད་པུའུ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་སོ་སོས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས།)

(ཉེར་གཅིག) གཟེངས་བསྟོད་སྐུལ་ལྕག་བྱེད་ཤུགས་ཇེ་ཆེར་གཏང་དགོས། ལས་ཞུགས་བྱ་བར་བསྟུད་མར་གཟེངས་བསྟོད་སྐུལ་ལྕག་བྱས་ཐོག སྐུལ་ལྕག་བྱེད་ཐབས་འཐུས་ཚང་དུ་བཏང་སྟེ་ལས་ཞུགས་བརྟན་འཇགས་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་བྱ་བའི་ཤུགས་ཚད་ཆེ་ཞིང་། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་སོགས་ཀྱི་ལས་འགན་ཡོངས་འགྲུབ་བྱས་པ་ཅུང་ལེགས་པའི་ས་གནས་ལ་དུས་ཐོག་ཏུ་མ་དངུལ་གྱིས་རོགས་སྐྱོར་བྱེད་པ་སོགས་ཀྱི་སྒོ་ནས་གཟེངས་བསྟོད་དང་སྐུལ་ལྕག་བྱ་དགོས། (མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་ནོར་སྲིད་པུའུ་ཡིས་སྣེ་འཁྲིད་པ་དང་། འབྲེལ་ཡོད་སྡེ་ཁག་དང་སྡེ་ཚན་སོ་སོ་དང་། ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་སོ་སོས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས།)

(ཉེར་གཉིས) དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བྱེད་ཤུགས་ཇེ་ཆེར་གཏང་དགོས། དམིགས་ཚད་ལས་འགན་ཞིབ་མོར་བགོས་ཏེ་འབྲེལ་ཡོད་ལྟ་བཤེར་བྱ་བའི་ཁྲོད་དུ་ལས་ཞུགས་བརྟན་འཇགས་གཏོང་རྒྱུ་དེ་ནང་དོན་གལ་ཆེན་དུ་བརྩིས་ནས། སྲིད་ཇུས་དང་ཞབས་ཕྱི་དོན་འཁྱོལ་དང་གཙོ་གནད་ཚོགས་སྤྱིའི་ལས་ཞུགས། མ་དངུལ་འགན་སྲུང་དང་དོན་འཁྱོལ་སོགས་གཙོ་གནད་དུ་བཟུང་སྟེ་སྐུལ་འདེད་བྱ་དགོས།ལས་ཞུགས་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་མ་བསྒྲུབས་པར་མཇུག་འབྲས་ཚབས་ཆེན་བཟོས་པའམ་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཟོས་པ་ལ།བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་འགན་འཁྲི་རྩད་གཅོད་ནན་མོ་བྱ་དགོས། ངལ་རྩོལ་པར་བརྟག་དཔྱད་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། ཞིང་ཆེན་རིམ་པས་ལས་ཤོར་གྱི་ཚད་བརྟག་དཔྱད་བྱས་རྗེས་ཟླ་རེར་བསྡོམས་རྩིས་བརྒྱབ་སྟེ་ཁྱབ་བསྒྲགས་བྱེད་པའི་ལམ་ལུགས་ཞིབ་འཇུག་བྱས་ནས་བཙུགས་ཐོག ལས་ཞུགས་ལས་གནས་ལ་བརྟག་དཔྱད་བྱེད་མགོ་བརྩམས་ནས་ལས་ཤོར་ཉེན་སེལ་གྱི་སྲིད་ཇུས་གསོག་ཉར་དང་ཁ་གཏད་གཅོག་པའི་འཆར་ཟིན་ལེགས་པར་དགོད་དགོས། (མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་བསྡོམས་རྩིས་ཅུས་ཀྱིས་སྣེ་འཁྲིད་པ་དང།འབྲེལ་ཡོད་སྡེ་ཁག་དང་སྡེ་ཚན་སོ་སོ་དང་། ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་སོ་སོས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས།)

གོང་གསལ་ཁ་གསབ་རོགས་དངུལ་གསར་དུ་སྣོན་པའི་སྲིད་ཇུས་ཀྱི་བདག་སྤྲོད་དུས་བཅད་ནི2020ལོའི་ཟླ12པའི་ཚེས31ཉིན་བར་ཡིན། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་སྲིད་ཇུས་དམ་འཛིན་གྱིས་ལག་བསྟར་བྱས་ཏེ་སྲིད་ཇུས་ཀྱི་ཕན་ནུས་ཆེ་ཤོས་འདོན་སྤེལ་བྱེད་པ་དང་། བྱ་བའི་ཁྲོད་འཕྲད་པའི་གནས་ཚུལ་གལ་ཆེན་དང་གནད་དོན་ཆེན་པོ་དུས་ཐོག་ཏུ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་སེང་ཞུ་དགོས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན།


2020ལོའི་ཟླ3པའི་ཚེས18ཉིན།