མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་བཙོག་དངོས་ཡོང་ཁུངས་ཡོངས་བཤེར་ཐེངས་གཉིས་པའི་མཇུག་འབྲས་ཁྱབ་སྒྲོག་བྱས་པ།

——ལོ་ངོ་བཅུའི་ནང་མཚོ་སྔོན་གྱི་བཙོག་དངོས་རྫས་འགྱུར་གྱི་གསོ་རླུང་མཁོ་ཚད་དང་ཕྱིར་གཏོང་ཚད9.75%མར་ཆག་པ།

ཟླ9ཚེས22ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་གསར་འགྱུར་གཞུང་སྒྲུབ་ཁང་དུ་བསྡུས་པའི་རང་ཞིང་གི་རྒྱལ་ཡོངས་བཙོག་དངོས་ཡོང་ཁུངས་ཡོངས་བཤེར་ཐེངས་གཉིས་པའི་མཇུག་འབྲས་སྐོར་གྱི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་ཐོག་ཤེས་གསལ་ལྟར་ན། ཐེངས་འདིའི་ཡོངས་བཤེར་དང་ཐེངས་དང་པོའི་ཡོངས་བཤེར་བར་ལོ་བཅུ་འགོར་ཡོད་ཅིང་། ཐེངས་དང་པོའི་གཞི་གྲངས་དང་བསྡུར་ན། ད་ལྟའི་བཙོག་དངོས་གཙོ་ཆེ་རིགས་ཀྱི་རྫས་འགྱུར་གྱི་གསོ་རླུང་མཁོ་ཚད་དང་ཕྱིར་གཏོང་ཚད9.75%དང་། ཨན་ཏན(氨氮)55.84%། ཏན་སྤྱི(总氮)24.17%། ལིན་སྤྱི(总磷)25%བཅས་མར་ཆག་ཡོད་པ་རེད།

རྒྱལ་ཡོངས་བཙོག་དངོས་ཡོང་ཁུངས་ཡོངས་བཤེར་ཐེངས་གཉིས་པ་འགོ་ཚུགས་པའི་དུས་ཚོད་ནི2017ལོའི་ཟླ12ཚེས31ཉིན་ཏེ 2017ལོའི་ལོ་འཁོར་གྱི་གནས་ཚུལ་འདུས། ཐེངས་འདིའི་ཡོངས་བཤེར་ནི་སྔོན་འགྲོའི་སྟ་གོན་དང་། ཕྱོགས་ཡོངས་ཞིབ་བཤེར། མཇུག་འབྲས་ཁྱབ་སྒྲོག་བཅས་རིམ་པ་གསུམ་དུ་ཕྱེ་ནས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བཙོག་རྫས་འབུད་སྐྱར་བྱེད་མཁན་ལས་ཁུངས་དང་སྒེར་གཉེར་ཚོང་ཁང12401ལ་རྟོག་ཞིབ་བྱས་ཤིང་། དེ་ལས་ཞིང་ཆེན་ཡོངས་ཀྱི་བཟོ་ལས་བཙོག་དངོས་ཀྱི་ཡོང་ཁུངས་དང་། ཞིང་ལས་བཙོག་དངོས་ཀྱི་ཡོང་ཁུངས།འཚོ་བའི་བཙོག་དངོས་ཀྱི་ཡོང་ཁུངས། ཐུན་མོང་གི་བཙོག་དངོས་བཅོས་སྐྱོང་སྒྲིག་ཆས། ཡོང་ཁུངས་གནས་སྤར་གྱི་འབྲེལ་ཡོད་གཞི་རྩའི་གནས་ཚུལ། བཙོག་དངོས་ཕྱིར་འབུད་ཀྱི་ཆ་འཕྲིན་སོགས་གསལ་བོར་རྙེད། ཐེངས་འདིའི་ཁྱབ་བཤེར་གྱིས་ཞིང་ཆེན་ཡོངས་ཀྱི་བཙོག་དངོས་ཡོང་ཁུངས་ཀྱི་གཞི་རྩའི་གནས་ཚུལ་དང་། བཙོག་དངོས་ཆེ་རིགས་ཕྱིར་འབུད་གྲངས་ཚད། བཙོག་དངོས་བཅོས་སྐྱོང་གི་གནས་ཚུལ་སོགས་ཐད་མཐིལ་རྟོགས་གཏིང་ལོན་བྱུང་བས། བཙོག་དངོས་ཀྱི་ཡོང་ཁུངས་གཙོ་བོ་དང་བཙོག་དངོས་ཡོང་ཁུངས་ཀྱི་ཆ་འཕྲིན། གཞི་གྲངས་མཛོད་བཅས་བཙུགས་པ་ལ་གཡུར་ཟའི་འབྲས་བཟང་ཐོབ།

ད་ཐེངས་ཀྱི་ཡོངས་བཤེར་གྱིས་གཙོ་བོ་བཟོ་ལས་ཀྱི་བཙོག་དངོས་དང་། འཚོ་བའི་བཙོག་དངོས། ཞིང་ལས་ཀྱི་བཙོག་དངོས། ཕྱོགས་བསྡུས་རྣམ་པ་དང་གནས་སྤར་ལས་བྱུང་བའི་བཙོག་དངོས་བཅས་བཙོག་དངོས་ཀྱི་ཡོང་ཁུངས་ཁྱབ་ཡུལ་ལྔ་ལ་ཞིབ་བཤེར་བྱས་ཤིང་། ཡོངས་བཤེར་བྱས་པའི་མཇུག་འབྲས་ཀྱི་གཞི་གྲངས་དབྱེ་ཞིབ་ལྟར་ན། བཙོག་དངོས་ཆེ་རིགས་ཀྱི་རྫས་འགྱུར་ལ་མཁོ་བའི་གསོ་རླུང་དང་། ལིན་སྤྱི་ཕྱིར་འབུད་མང་ཆེ་བ་ཞིང་ལས་ཀྱི་བཙོག་དངོས་དང་འཚོ་བའི་བཙོག་དངོས་ལས་བྱུང་བ་ཡིན་པ་དང་། ཨན་ཏན་རྫས་ནི་གཙོ་བོ་འཚོ་བའི་བཙོག་དངོས་ཁྲོད་བྱུང་བ་ཡིན། ཏན་སྤྱི་ནི་གཙོ་བོ་འཚོ་བའི་བཙོག་དངོས་དང་ཞིང་ལས་བཙོག་དངོས་གཉིས་ནས་བྱུང་བ་རེད། ཚུལ་དེར་གཞིགས་ན་བཙོག་དངོས་ཆེ་མང་ས་ཟི་ལིང་གྲོང་ཁྱེར་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། མཚོ་ཤར་གྲོང་ཁྱེར་ཡིན་པ་དང་། ཆུའི་བཙོག་དངོས་འབྱུང་ས་ཆེ་ཤོས་རྨ་ཆུ་འབབ་རྒྱུད་དང་ཚྭ་འདམ་དུ་འབབ་པའི་ཆུ་བོའི་བཞུར་རྒྱུད་ཡིན་པ་རེད།

འདས་པའི་ལོ་ངོ་བཅུ་ནི་རང་རྒྱལ་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་དང་སྐྱེ་ཁམས་ཁོར་ཡུག་ཅི་མགྱོགས་གང་མྱུར་སྒོས་གཙང་བཟོ་ལེགས་བཅོས་བྱས་པའི་ལོ་ངོ་བཅུ་ཡིན། ཐེངས་འདིའི་ཡོངས་བཤེར་གཞི་གྲངས་ཁྲོད་དུའང་ལོ་ངོ་བཅུའི་འགྱུར་ལྡོག་མཐོང་ཐུབ་པ་དང་། ནང་སྒོས་སུ་བཙོག་དངོས་ཕྱིར་འབུད་ཀྱི་ཚད་ཇེ་ཉུང་དུ་སོང་ནས་བཅོས་སྐྱོང་གི་ཕན་འབྲས་མངོན་གསལ་ཡིན་ཞིང་། བཙོ་དངོས་ཡོང་ཁུངས་ཆེ་ཁག་གི་ཡིག་ཚགས་དང་བཙོག་དངོས་ཡོང་ཁུངས་ཆེ་ཁག་གི་ཆ་འཕྲིན་གཞི་གྲངས་མཛོད་འཐུས་སྒོ་ཇེ་ཚང་དུ་བཏང་ཡོད། ད་ཐེངས་ཀྱི་ཁྱབ་བཤེར་ཁྲོད་རྒྱལ་ཡོངས་ཀྱི་བཙོག་དངོས་ཡོང་ཁུངས་ཡོངས་བཤེར་གྱི་གཞི་གྲངས་མཛོད་གཉིས་པ་གྲུབ་པར་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་བཙོག་དངོས་ཡོང་ཁུངས་ཡོངས་བཤེར་ཐེངས་གཉིས་པའི་གཞི་གྲངས་དང་ལག་རྩལ་སྐོར་གྱི་སྙན་ཞུ་དང་ཆེད་དོན་སྙན་ཞུ་ཡང་གྲུབ་ཡོད་པས། བཙོག་འབུད་འགོག་བཅོས་ཀྱི་འགག་གཏོར་དམག་འཐབ་ལས་རྣམ་པར་རྒྱལ་བར་རྨང་གཞིའི་གཞི་གྲངས་ཀྱི་འདེགས་སྐྱོར་མཁོ་འདོན་བྱས།

ཁོན་ཐར་འཚོས་བསྒྱུར།