མཚོ་སྔོན་ཧྲིན་ཀྲིན་གཉིས་ཀྱི་འཛད་སྤྱོད་པས་དུག་སེལ་རློན་ཕྱིས་རིགས15ལ་གཤིབ་སྡུར་ཚོད་ལྟ་བྱས་པའི་མཇུག་འབྲས་ཕྱིར་ཐོན།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ9ཚེས14ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་དང་ཧྲིན་ཀྲིན་གྲོང་ཁྱེར་འཛད་སྤྱོད་པའི་ཨུ་ཡོན་ལྷན་ཚོགས་གཉིས་ཀྱི་འཛད་སྤྱོད་དབང་སྲུང་འཐབ་ཇུས་ཐད་ཀྱི་མཉམ་ལས་ལ་གྲོས་ཆིངས་འཇོག་པའི་མཛད་སྒོ་དང་། དུག་སེལ་རློན་ཕྱིས་གཤིབ་སྡུར་ཚད་ལེན་དང་ཚོད་ལྟ་བྱས་པའི་མཇུག་འབྲས་སྒྲོག་པའི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་ཧྲིན་ཀྲེན་གྲོང་ཁྱེར་དུ་བསྡུས།


ད་ལོའི་ཟླ6པ་ནས8པའི་བར་དུ། མཚོ་སྔོན་ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་དང་ཧྲིན་ཀྲིན་གྲོང་ཁྱེར་འཛད་སྤྱོད་པའི་ཨུ་ཡོན་ལྷན་ཚོགས་གཉིས་ཀྱི་མངག་བཅོལ་ལྟར། ཧྲིན་ཀྲིན་གྲོང་ཁྱེར་རྒྱུ་སྤུས་འཛད་སྤྱོད་ཞིབ་འཇུག་གླིང་གིས་ཁྲོམ་རའི་དུག་སེལ་རློན་ཕྱིས་ཀྱི་རྒྱུ་སྤུས་གཤིབ་སྡུར་བྱས་ནས་བཟང་ངན་ལ་ཚོད་ལྟ་བྱས་པ་རེད།

དེ་ཡང་དུག་སེལ་རློན་ཕྱིས་རིགས་ལ་ཆང་བཅུད་ཀྱི་རློན་ཕྱིས་དང་། སྲིན་འཇོམས་རློན་ཕྱིས(ཆང་བཅུད་མི་འདུས་པ)གཉིས་ཡོད་ཅིང་། དེ་ནི་འཛད་སྤྱོད་པར་ཚན་རིག་དང་མཐུན་པའི་སྒོ་ནས་རྒྱུ་སྤུས་ལེགས་ཤོས་རིགས་འཛད་སྤྱོད་བྱ་བར་འཁྲིད་སྟོན་བྱ་ཆེད་རེད། ཀྲུང་གོའི་ཀོང་ཀྲོའུ་དབྱེ་ཞིབ་ཚད་ལེན་ལྟེ་གནས་ཀྱིས་མངག་བཅོལ་ལྟར་དུ་ཐེངས་འདིའི་ཚད་ལེན་གཤིབ་སྡུར་གྱི་འགན་བླངས་ནས་ཡར་སྔོན་དུ་འཛད་སྤྱོད་གནས་ཚུལ་རྟོག་ཞིབ་བྱས་པའི་མཇུག་འབྲས་དང་། གློག་རྡུལ་ཚོང་སྟེགས་ཆེ་ཁག་གི་འཛད་སྤྱོད་པའི་དོ་སྣང་ཆེ་ཤོས་དང་བྲིན་རྒྱུག་ཆེ་ཤོས་ཀྱི་དུག་སེལ་རློན་ཕྱིས་རིགས་མི་འདྲ་བ 15མ་དཔེར་བཟུང་ནས་གཤིབ་སྡུར་ཚོད་ལྟ་བྱས་ལ། དེ་ལས་བཅུ་ནི་ཆང་བཅུད་ཀྱི་རློན་ཕྱིས་ཡིན་པ་དང་། ལྷག་མ་ལྔ་བོ་སྲིན་འཇོམས་ཀྱི་ནུས་པ་རྐྱང་རྐྱང་མ་ཡིན་པར་ཕན་ནུས་གཞན་ཡོད་པའི་རློན་ཕྱིས(ཆང་བཅུད་མི་འདུས་པ)རེད།

འཛད་སྤྱོད་པའི་ཟུར་ནས་བརྗོད་ན། ཐེངས་འདིའི་མ་དཔེ་རིགས15ཡི་རྫས་འགྱུར་ཀྱི་བདེ་འཇགས་དང་སྲིན་འཇོམས་ཀྱི་ཕན་ནུས། དབང་ཚོར། ཤོག་བྱང་མཚོན་རྟགས་བཅས་ཚང་མ་རྒྱལ་ཁབ་ཀྱི་ཚད་གཞི་དང་ཡོ་རོབ་མནའ་འབྲེལ་གྱི་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་སྐྱེ་དངོས་ཕྲ་རབ་དང་། 甲基氯异噻唑啉酮(CIT)、甲基异噻唑啉酮(MIT)、甲醛、甲醇བཅས་ཀྱི་ཚད་གཞི་དང་མཐུན་པའི་དུག་སེལ་རློན་ཕྱིས་རེད་ལ། ཡོད་ཚད་ཀྱི་ཕན་ཆོད་དུས་ཚོད(སྐར་ཆ30དང་། སྐར་མ1། སྐར་མ1དང་སྐར་ཆ30)མི་འདྲ་བ་གསུམ་ནང་ཚད་ལེན་བྱས་པའི་སྲིན་རིགས་བཞི(绿假单胞菌、白色念珠菌、大肠杆菌、金黄色葡萄球菌)འཇོམས་ཚད99.99 %ཡིན་པ་དང་། ཆང་བཅུད་དུག་སེལ་རློན་ཕྱིས་རིགས་བཅུ་ལས་དྲུག་གི་ཆང་བཅུད་ཉར་ཚད75%(±5%)ལས་ཉུང་བ་དང་། དེ་ལས་རིགས་ལྔ་ཡི་ཆང་བཅུད་ཉར་ཚད་ཀྱི་ཚད་ལྡན་གྲངས་ཐང་ཚད་ལེན་གྱི་གྲངས་ཐང་དང་མི་མཐུན་པ་རེད།


གོང་གི་པར་རིས་ནི་སྲིན་འཇོམས་ཀྱི་ཕན་ནུས་ཆེ་བའི་རློན་ཕྱིས(ཆང་བཅུད་མི་འདུས་པ)ཡིན།


ཆང་བཅུད་འདུས་པའི་རློན་ཕྱིས།

གོང་གི་རློན་ཕྱིས་འདི་ལྔ་བོར“དཔྱད་བརྗོད་མི་སྤེལ” །

ཐེངས་འདིའི་གཤིབ་སྡུར་ཚོད་ལྟ་བྱས་པའི་ཐོན་རྫས་ཚང་མ་སྐར་ལྔའི་ཐོན་རྫས་ཡིན་པ་དང་། དེ་ལས་ཆང་བཅུད་རློན་ཕྱིས་རིགས་ལྔའི་ཆ་སྙོམས་རིན་གོང་ནི་རློན་ཕྱིས་རེ་ལ་སྒོར0.34རེ་ཡིན་པ་དང་། སྲིན་འཇོམས་དུག་སེལ་རློན་ཕྱིས་རིགས་ལྔ(ཆང་བཅུད་མི་འདུས་པ)ཡི་ཆ་སྙོམས་རིན་གོང་ནི་རློན་ཕྱིས་གཅིག་ལ་སྒོར0.51རེ་ཡིན་པ་རེད། དེའི་ནང་གི་རློན་ཕྱིས་གོང་ཆེན་ནི་ནང་འདྲེན་བྱས་པའི་འཇར་པན་གྱི་ཚོང་རྟགས་གྲགས་ཅནbioreཞེས་པའི་སྲིན་འཇོམས་རློན་ཕྱིས་ཡིན་པ་དང་དེའི་རིན་གོང་རློན་ཕྱིས་རེར་སྒོར1.16ཡིན་པ་རེད། རྒྱུ་སྤུས་དེ་དང་མཉམ་པའི་རྒྱལ་ནང་གི་ཚོང་རྟགས་ཞིན་ཞིང་ཡན་(心相印)ཞེས་པའི་རིན་གོང་ནི་རློན་ཕྱིས་རེ་ལ་སྒོར0.28ཡིན་པ་རེད།


ས་གནས་གཉིས་ཀྱི་འཛད་སྤྱོད་པས་དྲན་སྐུལ་དུ།

ཉིན་རྒྱུན་འཚོ་བའི་ཁྲོད་དུ་དུག་སེལ་རློན་ཕྱིས་ཉུང་སྤྱོད་བྱེད་རོགས།

རང་རེའི་རྒྱལ་ཁབ་ཀྱི་ས་འོག་ལྕགས་ལམ་སྡེ་ཤོག་གིས་སྔ་ཕྱིར་སྐམ་ཕྱིས་དུག་སེལ་གཤེར་ཁུ་དང་། ཆང་བཅུད་དུག་སེལ་སོགས་གཤེར་ཁུ་རིགས་ཀྱི་དུག་སེལ་ཐོན་རྫས་ས་འོག་ལྕགས་ལམ་དུ་འཁྱེར་མི་ཆོག་པའམ་སྤྱོད་མི་རུང་བའི་སྒྲིག་སྲོལ་ཁྱབ་སྒྲོག་བྱས་རྗེས་ཕྱི་རོལ་ཏུ་འགྲོ་མཁན་མི་རྣམས་ཀྱིས་དུག་སེལ་རློན་ཕྱིས་སྤྱོད་རྒྱུ་དགའ་བོ་ཡོད།

དུག་སེལ་རློན་ཕྱིས་ཀྱི་ནང་དུ་དུག་སེལ་གྱི་ནུས་རྒྱུ་འདུས་པས་སྐྱི་པགས་དང་འབྱར་སྐྱི། མིག་བཅས་ལ་ཚ་ཟུག་བསྐྱེད་སླ་བ་དང་། རྒྱུན་དུ་སྤྱོད་རྒྱུ་མང་ན་པགས་ཚིལ་ཞི་ཞིང་འོད་མེད་པར་གྱུར་ནས་པགས་ནད་འབྱུང་སླ་བ་ཡིན། དེ་བས་ཉིན་རྒྱུན་འཚོ་བའི་ཁྲོད་དུ་དུག་སེལ་རློན་ཕྱིས་ཉུང་ཙམ་སྤྱོད་རྒྱུ་དང་། སྤྱད་རྗེས་སུ་སྐྱི་པགས་སྐམ་པོར་མི་འགྱུར་ཆེད་རློན་འཛིན་ངོ་སྣུམ་རེ་འཕར་རྒྱུ་ཡང་ཧ་ཅང་གལ་ཆེ།

ཆང་བཅུད་རིགས་ཀྱི་དུག་སེལ་རློན་ཕྱིས་ཀྱིས་རྨ་ཁ་ཕྱིས་ན་ཕན་པ་ལས་གནོད་པ་འབྱུང་སླ། 

ཧྲིན་ཀྲིན་གྲོང་ཁྱེར་དལ་བའི་རང་བཞིན་གྱི་ནད་རིགས་འགོག་བཅོས་ལྟེ་གནས་ཀྱི་ངོ་སྤྲོད་ལྟར་ན། ཆང་བཅུད་འདུས་པའི་དུག་སེལ་རློན་ཕྱིས་རྨ་ཁའི་དུག་སེལ་གཙང་སེལ་སོགས་ལ་སྤྱད་མི་རུང་བ་ཡིན། སྤྱིར་བཏང་སྨན་སྤྱོད་ཆང་བཅུད་ཀྱི་ཉར་ཚད75%ཡིན་པས་ཚ་སྲེག་ཆེ་ལ། ལྷག་པར་དུ་རྨ་ཁར་བླུགས་ཚེ་ཚ་ཟུག་ཆེན་པོ་བཟོད་མེད་འབྱུང་བའི་མི་ཚད། རྨ་ཁ་དྲག་སྐྱེད་ལ་ནུས་པ་མི་ཐོན་ཞིང་རྨ་ངན་དུག་མཆེད་ཀྱི་ཉེན་ཁ་ཤིན་ཏུ་ཆེ་བ་ཡིན།

དུག་སེལ་རློན་ཕྱིས་ཉོ་དུས་རློན་ཕྱིས་རེ་ལ་ཐུམ་རེ་ཡོད་པའི་ཕྱི་ཐུམ་སྤུས་ལེགས་རིགས་ཉོས་ན་བཟང་།

དུག་སེལ་རློན་ཕྱིས་ཉོ་དུས་སྔོན་ལ་ཕྱི་ཐུམ་གཤག་ཡོད་མེད་དང་། ཁ་ཤོར་ཡོད་མེད། དབུགས་དང་གཤེར་ཁུ་ཤོར་ཡོད་མེད་སོགས་ལ་ཞིབ་ལྟ་བྱས་རྗེས་ཐུམ་སྒྲིལ་ཁ་སྦྱར་དམ་པའི་ཐོན་རྫས་ལེགས་ཤོས་འདེམས་ཉོ་བྱས་ན་བཟང་ལ། ཞོར་དུ་སྤུས་ཚད་འགན་ལེན་གྱི་དུས་ཡུན་ལ་ཞིབ་ཏུ་བལྟ་དགོས། ཐུམ་སྒྲིལ་ཆེ་ཤོས་རིགས་ཀྱི་རློན་ཕྱིས་སྤྱོད་ཡུན་ཅུང་རིང་ན་ཡང་། བཀོལ་སྤྱོད་ཀྱི་གོ་རིམ་ཁྲོད་དུ་དུག་སེལ་གྱི་ནུས་རྒྱུ་ཡལ་སླ་བས། རློན་ཕྱིས་རེ་ལ་ཐུམ་རེ་ཡོད་པའི་དུག་སེལ་རློན་ཕྱིས་སྤྱོད་རྒྱུ་གལ་ཆེ་བ་ཡིན། དེ་ཡང་ཐུམ་སྒྲིལ་ཆེ་ཤོས་ནང་བཅུག་པའི་རློན་ཕྱིས་སྤྱོད་བདེ་པོ་ཡོད་པར་བསམ་ན་ཁ་སྦྱར་ཚགས་དམ་པའི་རིགས་འདེམས་ན་དུག་སེལ་གྱི་ནུས་རྒྱུ་ལམ་སེང་ཡལ་མི་ཐུབ་པས་ཕྲ་སྲིན་འགོག་ཐུབ།

ཆང་བཅུད་རིགས་ཀྱི་དུག་སེལ་རློན་ཕྱིས་སྤྱད་རྗེས་མེ་ལ་སེམས་ཆུང་བྱེད་དགོས།

ཆང་བཅུད་ཉར་ཚད60%ཡན་མེ་དང་འཕྲད་ན་འབར་སླ་བའི་རྐྱེན་གྱིས་དྲོད་ཚད་མཐོ་ཤོས་དང་མེ་ལྕེ་ཡོད་སར་ཐོན་རྫས་དེ་རིགས་འཇོག་མི་རུང་བ་དང་།  བཀོལ་རྗེས་སུ་མེ་ཡོད་སར་མི་གཡུགས་པར་དེ་དང་ཁད་རིང་སར་བཞག་ནས་རྐྱེན་ངན་འབྱུང་བར་དོགས་ཟོན་བྱས་ན་ལེགས། 


རིམས་འགོག་དྲན་སྐུལ།

མི་ཚོགས་འདུ་ས་དང་སྨན་ཁང་དུ་འགྲོ་བ། རླངས་འཁོར་དུ་སྡོད་པའི་སྐབས་སུ་ཁ་ཐུམ་རྒྱག་དགོས་པ་དང་། ལག་པའི་འཕྲོད་བསྟེན་རྒྱུན་འཁྱོངས་བྱས་ནས་གནས་དེ་དག་གི་དངོས་པོ་དང་ཟ་ཟུར་ལ་ལག་པས་གང་འདོད་དུ་མི་རེག་པར་བྱ། དགོས་ངེས་ཀྱིས་རེག་དགོས་ན་ཐོག་མར་དུག་སེལ་རློན་ཕྱིས་ཀྱིས་གཙང་མ་ཕྱིས་རྗེས་བྱས་ཆོག་ལ། གལ་ཏེ་དུག་སེལ་གྱི་དབང་དུ་མ་སོང་ཚེ་རྗེས་སུ་ལག་པ་གཙང་འཁྲུ་བྱས་ནས་དུག་སེལ་བྱ་རྒྱུ་མ་བརྗེད་རོགས།

ད་ཐེངས་ས་གནས་དེ་གཉིས་ཀྱི་འཛད་སྤྱོད་པའི་ཨུ་ཡོན་ལྷན་ཚོགས་ཀྱིས་མཉམ་འབྲེལ་ཐོག་སྤེལ་བའི་དུག་སེལ་རློན་ཕྱིས་གཤིབ་སྡུར་ཚོད་ལྟ་ནི་ས་གནས་གཉིས་ཀྱི་འཛད་སྤྱོད་པས་རྩ་འཛུགས་བྱས་ནས་གཤིབ་སྡུར་ཚོད་ལྟ་བྱས་པའི་མཉམ་འབྲེལ་ཐོག་མ་ཡིན་ལ། ཕྱོགས་གཉིས་ཀྱི་འཛད་སྤྱོད་པའི་དབང་སྲུང་འཐབ་ཇུས་མཉམ་ལས་ཀྱི་འགོ་རྩོམ་ས་ཡང་རེད།

ཁོན་ཐར་འཚོས་བསྒྱུར།