ཝང་དབྱང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་པར་ངེས་པ་དོན་གྱི་གོ་བ་བླངས་ཏེ་བྱ་བའི་ཁྲོད་ལག་བསྟར་བྱ་དགོས་ཞེས་ནན་གྱིས་བསྟན།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་སྔོན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་མཚོ་སྔོན་དུ་བརྟག་ཞིབ་གནང་ཞིང་། ཁོང་གིས་ནན་གྱིས་བསྟན་དོན། ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་ནི། རང་རྒྱལ་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་མཐའ་མའི་རྒྱལ་ཁ་ལེན་པའི་དུས་མཚམས་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་འགོ་འཛུགས་གྲབས་ཡོད་པའི་ལོ་རྒྱུས་ཀྱི་དུས་མཚམས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཀྱང་ཡིན་པས་གལ་ཆེ་ལ་གཏིང་ཟབ་པའི་དོན་སྙིང་དང་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླང་ནས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་། བོད་འབྲེལ་ལས་དོན་ལ་འཕྲད་པའི་དུས་བབ་གསར་པ་དང་ལས་འགན་གསར་པ་ཡང་དག་པར་ཁོང་དུ་ཆུད་པར་བྱས་ཏེ། དོན་དངོས་ནས་འགོ་བཙུགས་ནས་གསར་གཏོད་རང་བཞིན་གྱི་ལས་དོན་སྤེལ་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་པར་འགན་ལེན་དང་། བོད་ལྗོངས། དེ་བཞིན་བོད་འབྲེལ་ས་ཁུལ་དང་རྫོང་བཅས་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏང་དགོས་ཞེས་བསྟན།

ཚེས14ནས15ཉིན་བར། ཝང་དབྱང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་སློབ་འབྲིང་དང་། ཡུལ་གཞན་གནས་སྤོར་དབུལ་སྐྱོར་བཀོད་སྒྲིག་ས་ཚིགས། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ། ཁུལ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་སོགས་སུ་ཕེབས་ནས་བྱ་བའི་གནས་ཚུལ་ལ་ཞིབ་ཕྲའི་རྒྱུས་ལོན་གནང་བར་མ་ཟད། བཞུགས་མོལ་ཚོགས་འདུ་ལ་གཙོ་སྐྱོང་གནང་ཞིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པའི་གནས་ཚུལ་སྙན་ཞུ་ལ་གསན། ཝང་དབྱང་གིས་བསྟན་དོན། ཉེ་བའི་ལོ་ཤས་རིང་གི་མཚོ་སྔོན་གྱི་བོད་འབྲེལ་ལས་དོན་ལ་གྲུབ་འབྲས་མངོན་གསལ་ཐོབ་པར་ཁས་ལེན་གང་ལེགས་གནང་། ཁོང་གིས“ཚོགས་འདུ་ཐེངས་བདུན་པའི”དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱེད་པ་ནི། ད་ལྟའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་ལ། ཐེངས་རྗེས་མའི་ལས་དོན་ལེགས་པར་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་ཡང་ཡིན་ལ། ཆེད་དུ་དུས་ཚོད་བཀོད་སྒྲིག་བྱས་ནས་སློབ་སྦྱོང་དང་ཞིབ་བསྡུར་གཏིང་ཟབ་བྱས་ཏེ། ཡིག་ཆ་དངོས་སྦྱངས་དགོས་ལ་རྩ་བའི་རིགས་པ་ཡང་རྟོགས་པར་བྱས་ནས། དགོངས་དོན་གྱི་ངོ་བོ་དང་སྲོག་ཤིང་གི་དོན་གནད་དངོས་ཤེས་པར་བྱས་ནས། རྣམ་པ་སྣ་ཚོགས་དང་སྣ་མང་ཕུན་སུམ་ཚོགས་པའི་དྲིལ་སྒྲོག་དང་སྒྲོག་སྦྱོང་སྤེལ་བ་དང་། མང་ཚོགས་ཀྱིས་ཉན་འདོད་པ་དང་ཉན་ཤེས་པའི་སྐད་ཆ་དང་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱེད་སྟངས་སྤྱད་དེ་གསལ་འགྲེལ་བྱས་ནས། གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་ཁྲོད་དུ་ཚོགས་འདུའི་དགོངས་དོན་སེམས་གཏིང་ལ་ཟུག་ཐུབ་པ་བྱ་དགོས་པ་བསྟན་པ་མ་ཟད། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཚད་གཞིར་བསྡུར་ནས་དོན་དངོས་དང་ཟུང་འབྲེལ་སྒོས་ཞན་ཆ་དང་སྐྱོན་ཆ་འཚོལ་ཞིབ་བྱེད་པ་དང་། བྱ་བའི་ལས་འགན་ཞིབ་ཕྲ་བཟོ་བ། བྱ་བའི་རྩིས་ཁྲ་བཟོ་བ། དུས་བཀག་ལྟར་རྩིས་ཐོ་ཞིབ་བཤེར་དང་རྩིས་ཐོ་མེད་པ་བཟོ་བ་བཅས་བྱ་དགོས། ཞིབ་ཕྲའི་ལས་དོན་གཟབ་ནན་དང་བརྟན་འཇགས་ཀྱིས་སྤེལ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་འཇགས་རང་བཞིན་རྒྱུན་འཁྱོངས་བྱེད་པ། ལེགས་སྒྲིག་དངོས་འབྲེལ་བྱེད་དགོས་པའི་སྲིད་ཇུས་ལ་ཕྱོགས་མང་པོ་ནས་རིགས་པས་ཁུངས་སྐྱེལ་བ་དང་། གཏན་འབེབ་བྱས་རྗེས་ད་གཟོད་ལས་དོན་སྤེལ་དགོས་པ་བསྟན་པ་རེད།

ཝང་དབྱང་གིས་ཏང་ཀྲུང་དབྱང་གིས་བོད་ལྗོངས། བོད་འབྲེལ་ས་ཁུལ་དང་རྫོང་བཅས་ཡུན་རིང་བདེ་འགོད་ཡོང་བར་སྐུལ་འདེད་གཏོང་བར་དམིགས་ནས་ལས་འགན་གལ་ཆེན་རབ་དང་རིམ་པ་བཀོད་སྒྲིག་བྱས་ཡོད་པས། བྱ་བ་འདི་དག་ལ་རྩེ་རིམ་ཇུས་འགོད་དང་གཞི་རིམ་འཚོལ་ཞིབ་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱ་དགོས་ལ། ངེས་པར་དུ་བོད་འབྲེལ་ལས་དོན་ཁྲོད་ཀྱི་མི་རིགས་ཆོས་ལུགས་ལས་དོན་གྱི་འཐབ་ཇུས་རང་བཞིན་དང་ཡོངས་ཁྱབས་རང་བཞིན་གྱི་གནས་བབ་མངོན་གསལ་དོད་པོ་ཡོང་བར་བྱེད་དགོས་ཤིང་། ཡུན་རིང་གི་ཐབས་ཇུས་མང་ཙམ་དང་རྩ་བ་བརྟན་པའི་བྱེད་ཐབས་མང་ཙམ་སྤྱོད་པ། ཡུན་རིང་བདེ་འཁོད་དང་འབྲེལ་བ་ཡོད་པའི་གཏིང་རིམ་གྱི་འགལ་བ་དང་གནད་དོན་མང་པོ་ཐག་གཅོད་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུ་ཤེས་བརྟན་པོ་འཛུགས་པ་དང་། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་པའི་ཐད་བྱས་རྗེས་འཇོག་པ་དང་ཕན་འབྲས་དངོས་ཐོན་ཐབས་བྱེད་དགོས་པར་བསྟན་པ་མ་ཟད། སྔར་ལས་ལྷག་པར་ཉམས་མྱོང་མང་པོ་འཚོལ་ཞིབ་དང་གསོག་འཇོག་བྱེད་པ། སྤྱོད་གོ་ཆོད་པའི་སྤྱི་ཚོགས་བཅོས་སྐྱོང་བྱེད་ཐབས་ཕྱོགས་བསྡོམས་ནན་ཏན་བྱས་ཏེ། ས་གནས་དེ་གའི་དོན་དངོས་དང་འཚམ་པའི་དེང་རབས་ཅན་གྱི་བཅོས་སྐྱོང་མ་ལག་ཆ་ཚང་ཞིག་ཆགས་པར་བྱས་ནས་འཆམ་མཐུན་བརྟན་ལྷིང་སྤྱི་ཚོགས་རྣམ་པར་སྲུང་སྐྱོང་བཟང་པོ་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་པ་མཐའ་འཁྱོངས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ནས། སྐྱེ་ཁམས་སྤུས་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཞིང་ལས་དང་། དཔལ་འབྱོར། ཡུལ་སྐོར་ཐོན་ལས་བཅས་བརྟན་པོའི་ངང་འཕེལ་རྒྱས་གཏོང་བ་དང་། དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་སྔར་ལས་མང་བའི་མང་ཚོགས་རིམ་བཞིན་ཕྱུག་འགྱུར་གྱི་ལམ་བུའི་ཐོག་སྐྱོད་ཐུབ་པ་བྱེད་དགོས་ཞེས་ནན་གྱིས་བསྟན།

ཝང་དབྱང་གིས་མཚོ་སྔོན་དུ་བརྟག་ཞིབ་གནང་སྐབས། མགོ་ལོག་ཁུལ་སྲིད་གྲོས་ལས་ཁུངས་ལ་འཚམས་འདྲི་གནང་བ་དང་། སྲིད་གྲོས་དང་འཐབ་ཕྱོགས་གཅིག་གྱུར་པུའུ། ཆོས་ལུགས་ལས་དོན་བཅས་ཀྱི་ལས་བྱེད་ལས་བཟོ་བར་གཟིགས་ཞིབ་དང་འཚམས་འདྲི་གནང་ནས། “ཚོགས་འདུ་ཐེངས་བདུན་པའི”དགོངས་དོན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་བླང་བྱ་བཏོན་པ་རེད།

ཤ་མོ་འཚོས་བསྒྱུར།