ཡུལ་ཤུལ་ལ་གློ་བུར་དུ་སེར་བ་བབས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།སྤྱི་ཟླ9པའི་ཚེས15ཉིན་གྱི་ཆུ་ཚོད16དང་སྐར་མ35ཡི་སྟེང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁུལ་དུ་གློག་འཁྱུག་ཐོག་ལྡིར་རླུང་གཡུག་དང་བཅས་སེར་བ་དྲག་པོ་བབས། སེར་རྡེའུའི་ཚངས་ཐིག་ཆེ་ཤོས་ལ་ཧའོ་སྨི27ཡོད་པར་བཤད།

ཟླ9པའི་ཚེས15ཉིན་གྱི་ཆུ་ཚོད14དང་སྐར་མ57ཐོག ཡུལ་ཤུལ་ཁུལ་གནམ་གཤིས་བརྟག་དཔྱད་ཁང་གིས་ནང་ཆེན་རྫོང་དང་། ཁྲི་འདུ་རྫོང་། ཡུལ་ཤུལ་གྲོང་ཁྱེར་གནམ་གཤིས་ཅུའུ་བཅས་ཀྱིས་གློག་འཁྱུག་ཐོག་རྒྱག་གི་ཉེན་བརྡ་སེར་པོ་ཁྱབ་སྒྲོག་བྱས་པ་སྟེ། འབྱུང་འགྱུར་ཆུ་ཚོད་གསུམ་ནང་གློག་འཁྱུག་ཐོག་ལྡིར་གྱི་གནམ་གཤིས་འབྱུང་སྲིད་པ་དང་། གནམ་དགྲའི་གནོད་འཚེའི་ལས་འཛོལ་ཐོན་སྲིད། ཅུའུ་ཡིས་ས་ཁུལ་དུ་དྲག་ཆར་དང་། རླུང་ཆེན། སེར་བ། ཆར་ཤ་སོགས་ཀྱི་གནམ་གཤིས་དྲག་པོའང་འབྱུང་སྲིད་ཟེར།

ཆུ་ཚོད16དང་སྐར་མ35ཐོག ཡུལ་ཤུལ་གྲོང་ཁུལ་གྱི་མཁའ་དབྱིངས་སུ་སྤྲིན་ནག་འཁྲིགས་ཤིང་གློག་དམར་འཁྱུག་པ་དང་ཆབས་ཅིག་སེར་བ་བབས་བྱུང་། རྐང་ཐང་བ་མི་ཉུང་བ་ཞིག་ག་བྱེད་འདི་བྱེད་མེད་པར་གྱུར་ནས་བྲེལ་འཚུབ་ངང་ས་ཆ་བཙལ་ནས་གཡོལ་དགོས་བྱུང་བ་དང་སེར་བའི་གནམ་གཤིས་སྐར་མ10རྒྱུན་འཁྱོངས་བྱས་པ་རེད།

ཡུལ་ཤུལ་ཁུལ་གནམ་གཤིས་ཅུའུ་ཡིས་ཁྱབ་སྒྲོག་བྱས་པའི་གནས་ཚུལ་ལྟར་ན། འབྱུང་འགྱུར་གྱི་གཟའ་འཁོར་གཅིག་གི་ནང་། ཡུལ་ཤུལ་ཁུལ་ལ་ཆར་པ་འབབ་པའི་གནམ་གཤིས་ཡོད་པར་མ་ཟད། ཕྱི་དྲོར་དྲག་ཆར་དང་། སེར་བ། རླུང་ཆེན་སོགས་གཏད་རྒྱུག་ཆེ་བའི་གནམ་གཤིས་སྔོན་བརྡ་བརྒྱབ་ཡོད་པ་རེད།

ཤ་མོ་འཚོས་བསྒྱུར།