ཀྲུང་གོའི་ཞིང་བའི་ལོ་ལེགས་དུས་ཆེན་དང་མཚོ་སྔོན་ཞིང་ལས་ཐོན་རྫས་འགྲེམ་སྟོན་ཚོགས་ཆེན་སྐབས་ལྔ་པ་ཟླ9པའི་ཚེས22ནས་ཚེས25ཉིནམཚོ་ཤར་དུ་སྤེལ་རྒྱུ་ཡིན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།སྤྱི་ཟླ9པའི་ཚེས15ཉིན། གསར་འགོད་པས་ཀྲུང་གོའི་ཞིང་བའི་ལོ་ལེགས་དུས་ཆེན་དང་མཚོ་སྔོན་ཞིང་ལས་ཐོན་རྫས་འགྲེམ་སྟོན་ཚོགས་ཆེན་སྐབས་ལྔ་པའི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་འགྲེམ་སྟོན་ཚོགས་ཆེན་གྱིས་ལོ་ལེགས་ལ་རྟེན་འབྲེལ་ཞུ་བ་དང་འབྱོར་འབྲིང་བསུ་བ། དར་སྤེལ་ལ་སྐུལ་བ་བརྗོད་དོན་དུ་བཟུང་ཞིང་། ཟླ9པའི་ཚེས22ཉིན་ནས་ཚེས25ཉིན་བར་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དམར་གཙང་ས་ཁུལ་ཧྥུའུ་ཞིའི་ཐོན་ལས་གླིང་དུ་སྤེལ་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། སྐབས་འདིའི་འགྲེམ་སྟོན་ཚོགས་ཆེན་གྱིས་ཀྲུང་གོའི་ཞིང་བའི་ལོ་ལེགས་དུས་ཆེན་བསུ་བ་དང་། མཚོ་སྔོན་ཞིང་ལས་ཐོན་རྫས་འགྲེམ་སྟོན་ཚོགས་ཆེན། ཙོང་ཆུའི་དམངས་སྲོལ་རིག་གནས་མྱོང་རོལ་གྱི་རྣམ་པ་སྤྱད་དེ། མཚོ་ཤར་གྲོང་ཁྱེར་གྱི་རྫ་ཆས་ཕ་ཡུལ་དང་། ཕྱེ་ཐུག གཙགས་དྲུབ་ཀྱི་འབྱུང་ཡུལ། རབ་མཛེས་མཚོ་ཤར། མི་ཆོས་ལུང་མདོ། ཚོན་ལྡན་ཙོར་གྲོང་། ཡིད་འོང་གཞོང་ཐང་། རི་ཆུའི་དཔའ་ལུང་།ཚོས་མདོག་ཡ་རྫིའི་ས་གཤིས་རིག་གནས་མིང་བྱང་འབུར་དུ་བཏོད་རྒྱུ་རེད། མཚོ་ཤར་གྱི་ཞིང་ལས་ལག་རྩལ་དང་ཞིབ་འཇུག བཟོ་རྩལ། ཐོན་རྫས། ཐོན་ལས་གསར་བ་འགྲེམ་སྟོན་བྱས་ཏེ། མཚོ་ཤར་གྱི་ཁྱད་ལྡན་ཞིང་ལས་དང་། ཞིང་ལས་ཐོན་རྫས་ཟོང་རྟགས། དམངས་སྲོལ་རིག་གནས་སོགས་ཞིང་སྡེའི་ཐོན་ཁུངས་དང་མཁར་གྲོང་གི་ཚོང་ར་མཐུད་སྦྲེལ་བྱས་ཏེ། ཞིང་སྡེའི་ཐོན་ལས་སྣེ་ཁྲིད་་པ་དང་ཞིང་སྡེའི་རིན་ཐང་མངོན་འགྱུར་གྱིས། ཞིང་སྡེ་དར་རྒྱས་ལ་རོགས་འདེགས་བྱེད་པ་དམིགས་ཡུལ་དུ་བཟུང་ཡོད་པ་རེད།

ཤ་མོ་འཚོས་བསྒྱུར།