མགོ་ལོག་ནས་བེ་ཤ་དམར་པོ་འདེབས་གསོ་བྱས་ཏེ་ལེགས་འགྲུབ་བྱུང་བ།

འབྲས་བཟང་ལག་ཏུ་སྨིན་པའི་ལུང་ཡག་སྡེ་བའི་སྡེ་མིའི་འཛུམ་མདངས།

ས་ཁར་བརྡོལ་བའི་ཤ་མོ་ཆུང་ཆུང་།

ཟླ9པའི་སྟོན་གཞུང་གི་དུས་འདིར། སྒོ་ཕྱུག་ལ་ཤ་ཤེད་རྒྱས་པའི་མགོ་ལོག་བོད་རིགས་སྐྱོང་ཁུལ་གྱི་དགའ་བདེ་རྫོང་གོང་སྟོད་ཡུལ་ཚོའི་ལུང་ཡག་སྡེ་བ་ནས་གཏམ་བཟང་ཞིག་གྲགས་ཡོང་།དེ་ནི་ཟླ7པའི་ནང་ནང་འདྲེན་བྱས་པའི་བེ་ཤ་དམར་པོ་འདེབས་གསོ་དེ་དུས་ཡུན་ཟླ་བ་གཅིག་རིང་ལ་གསོ་སྐྱོང་བཟང་བོ་བྱས་མཐར། གཞི་ནས་ཤ་མོ་ས་ཁར་བརྡོལ་པའི་འབྲས་རྟགས་བཟང་པོ་བྱུང་། འདི་ནི་རང་རེའི་ཞིང་ཆེན་གྱིས་ཐོག་མར་ས་མཐོའི་འཁྱགས་ས་ནས་ཟས་མཆོག་བེ་ཤ་དམར་པོ་འདེབས་གསོ་ལེགས་འགྲུབ་བྱུང་བའི་དཔེ་གཞི་ཐོག་མ་རེད།

མཚོ་འཕགས་སྨི4100རུ་སྐྱེས་པའི་བེ་ཤ་དམར་པོ་དེ་ག་འདྲ་ཞིག་ཡིན་ཞེ་ན། གཟུགས་བོངས་ཆེ་རྒྱུ་མེད་ལ། སྲིན་དབྱུག་དཀར་པོ་དུང་དང་མགོ་ཁེབས་སྨུག་རྐྱ་ཅན་ཞིག་ཡིན། གསུམ་ནས་ལྔ་རེ་ཚོམ་བུའི་ཚུལ་དུ་སྐྱེས་འཚར་འབྱུང་། ཤ་མོ་རང་སྟེང་ལ་དྲི་ཞིམ་འཐུལ་ལེར་ལྡང་། མཐོང་བ་ཙམ་གྱིས་སྙིང་རྗེ་བོ་ཞིག་ཡིན། “བྱིས་པ”འདི་སྐྱོང་རྒྱུ་ལས་སླ་བོ་ཞིག་མིན་ཚུལ་སྐོར་མགོ་ལོག་ཁུལ་ཞིང་འབྲོག་དང་ཚན་རྩལ་ཅུས་ཀྱི་ཅུས་ཀྲང་ཚུའེ་ཧོང་ཝའེ་ཡིས་བཤད་རྒྱུར། ཁྱད་ལྡན་ཐོན་ལས་གོང་དུ་སྤེལ་ན་ད་གཟོད་ས་གནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་གྱི་ལམ་དུ་ཕྱོགས་ཐུབ་པ་ཡིན། ལྷག་པར་ས་མཐོ་ཞིང་ཁ་དབུགས་གཙང་ས་འདི་ཟས་རིགས་རྩེ་གྲ་ཤ་མོ་འདེབས་གསོ་ལ་ཧ་ཅང་འཚམ་པས།ཆ་རྐྱེན་དེ་ཏག་ཏག་ང་ཚོ་ལ་འཛོམས་ཟེར་ལ། ཚའེ་ལགས་ཀྱིས་དུས་ཡུན་ངེས་ཅན་ཞིག་ལ་ཤ་མོ་ལས་བེ་ཤ་དམར་པོ་རིགས་འདི་ནང་འདྲེན་ལ་རྟོག་ཞིབ་བྱས་མྱོང་ཡོད། 

ཆེད་དམིགས་ལུང་ཡག་སྡེ་བ་ནས་འདེབས་དོན་ཅི་ཡིན་སྐོར་ལུང་ཡག་སྡེ་བའི་ཧྲུའུ་ཅི་དང་པོ་ཡིན་པའི་ཝང་ཀང་གིས་ལན་དུ། ལུང་ཡག་སྡེ་བ་ནས་རྫོང་མཁར་གྱི་བར་དུ་ལེ་དབར47ཡོད་ཅིང་། དེ་ནི་ཕྱུགས་ལས་ཁོ་ནར་བརྟེན་པའི་སྡེ་བ་ཆུང་ཆུང་ཞིག་ཡིན། འགྲིམ་འགྲུལ་སྟབས་མི་བདེ་ལ་རྩྭ་ས་ཡང་དེ་འདྲའི་བཟང་རྒྱུ་མེད་པ་དང་། མང་ཚོགས་ཀྱི་དཔལ་འབྱོར་ཡོང་ཁུངས་ཧ་ཅང་གུ་དོག ནང་སྒོས་སུ་བག་ལ་ཞ་བའི་སྲོལ་རྒྱུན་བསམ་བློ་མཁྲེགས་འཛིན་གྱིས་དབུལ་ཁྱིམ་མང་པོ་རང་མལ་དུ་སྡོད་པ་ལས་ཞོར་ལས་ལ་འགྲོ་རྒྱུ་དེ་སྐྱོན་མཚང་དུ་ལྟ་བ་རེད། ཚུལ་དེ་ལ་དམིགས་ཏེ་སྒོ་འགྲམ་ནས་ཡོང་འབབ་རེ་རག་ཐུབ་ཀྱི་ཐབས་ལམ་འཚོལ་ཞིབ་བྱ་རྒྱུ་དེ་ཞིང་འབྲོག་ཅུས་དང་དབུལ་སྐྱོར་ལས་བྱེད་པའི་དོན་ཆེན་དུ་གྱུར། སྡེ་བ་ཧྲིལ་པོ་གནས་སྤར་རྗེས་ཁྱིམ་ཚང་རེ་ལ་དྲོད་ཁང་རེ་ཡོད། དྲོད་ཁང་དེ་དག་ཤ་མོ་འདེབས་གསོའི་ཕྱོགས་ལ་བཀོལ་ན་འཕྲོད་བསྟེན་ཡིན་ལ་ལས་ཚེགས་ཀྱང་ཡང་བ་མ་ཟད། ལག་རྩལ་ཐད་སྲིད་གཞུང་གིས་འགན་སྲུང་བྱས་ན་རི་ཁུལ་ནས་གསོལ་ཁང་བར་གྱི་སྤུས་ལེགས་ཤ་མོ་རྩེ་གྲ་མཁོ་འདོན་ཐུབ་པའི་ཚོང་ལམ་ཡངས་པོ་ཞིག་ལས་སླ་བོར་གཏོད་ཐུབ་པའི་ཐབས་ལམ་འདི་རྙེད་པ་ཡིན་ཟེར།

ལུང་ཡག་སྡེ་བའི་བེ་ཤ་དམར་པོ་ནི་གནམ་གྲུ་ལ་བསྡད་དེ་མཚོ་སྔོན་སློབ་ཆེན་ཞིང་གྲོང་གསར་པ་གོང་སྤེལ་ཞིབ་འཇུག་གླིང་དུ་འབྱོར་བ་རེད་ལ། གླིང་གཙོ་གཞོན་པ་སཱ་ཝའེ་ནི་ལོ་ངོ་དུ་མའི་རིང་ཟས་སུ་རུང་བའི་ཤ་མོའི་རིགས་ལ་ཞིབ་འཇུག་བྱེད་མཁན་ཞིག་རེད། ཁོས་ཡུད་ཙམ་ལ་འདང་ཞིབ་མོ་ཞིག་བརྒྱབ་རྗེས་བཤད་རྒྱུར། ངོ་མ་རྩ་ཆེན་ཡིན། བེ་ཤ་འདེབས་སའི་ཁོར་ཡུག་ཤིན་ཏུ་གཙང་དགོས། མགོ་ལོག་དགའ་བདེ་ནས་བེ་ཤ་འདེབས་གསོ་ཐུབ་བྱུང་བ་ལས་སླ་པོ་མིན། མགོ་ལོག་ནི་ས་མཐོ་ཞིང་། ནངས་དགོང་ཁ་དབུགས་ཧ་ཅང་འཁྱགས་པ། ཆུ་བོ་མང་པས་རླན་བཤར་ཆེ་བ་སོགས་ཤ་མོ་འདེབས་གསོའི་རྨང་གཞི་ལྡན་ལ་ཆ་རྐྱེན་འཛོམས། སྔོན་ལ་སྨར་ཁོག་ཆུ་བོ་འབབ་རྒྱུད་དུ་རི་སྐྱེས་བེ་ཤ་དང་། ཤ་མོ་ལུག་གྲོད་ལ་སོགས་ཟས་སུ་རུང་བའི་ཤ་མོ་རིགས་ཡོད་ལ། ཚང་མ་རྩ་ཆེན་པོ་ཡིན་ཟེར།

སཱ་ཝའེ་ཡིས་བེ་ཤ་དམར་པོ་ཞིག་ལག་པའི་ནང་གཅིར་གྱིན། “སྤུས་ལེགས་པོ་འདུག སྲིན་དབྱུག་སྲ་མོ་རེད། དེ་ནི་ཆུ་འདུས་ཚད་ཉུང་བའི་རྟགས་ཏེ་ཆུ་ཉུང་ན་འཚོ་བཅུད་མང་པོ་ཡོད་པ་ཡིན་ལ། ས་མཐོའི་འཁྱགས་གཤིས་ཆེ་བའི་གནམ་ཟླ་ལས་ད་གཟོད་འདི་ལྟ་བུ་གྲུབ་པ་ཡིན། མགོ་ལོག་གི་བེ་ཤ་ནི་མཚོ་སྔོན་གྱི་ཐུན་མོང་མ་ཡིན་ལ་རང་བྱུང་དུ་གྲུབ་པའི་ས་རྒྱུ་དང་ཁ་དབུགས་ལས་བྱུང་བ་ཡིན་པས། འཚོ་རྒྱུ་འདུས་ཚད་ལ་ཚད་ལེན་མ་བྱས་ཀྱང་ས་གནས་གཞན་གྱི་བེ་ཤ་ལས་མཐོ་བ་རྒྱུ་མཚན་འདི་ཞེས་མ་བརྗོད་ཀྱང་ཆོག་པ་ཡིན”ཟེར།

ཁོན་ཐར་འཚོས་བསྒྱུར།