《མཚོ་སྔོན་ཞིང་ཆེན་གྱི་འཛད་སྤྱོད་དབུལ་སྐྱོར་བྱ་སྤྱོད་ལོ་གསུམ་སྤེལ་བའི་ཇུས་གཞི(2020ལོ་ནས2022ལོའི་བར)》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གསར་འགོད་པས་ཞིང་ཆེན་དབུལ་སྐྱོར་ཅུས་ནས་ཤེས་གསལ་ལྟར་ན། ཉེ་ལམ་རང་ཞིང་གིས《མཚོ་སྔོན་ཞིང་ཆེན་གྱི་འཛད་སྤྱོད་དབུལ་སྐྱོར་བྱ་སྤྱོད་ལོ་གསུམ་སྤེལ་རྒྱུའི་ཇུས་གཞི(2020ལོ་ནས2022ལོའི་བར)》(བསྡུས་མིང《ཇུས་གཞི》)གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། དེའི་ནང་འཛད་སྤྱོད་དབུལ་སྐྱོར་བྱ་སྤྱོད་ཀྱི་སྤྱིའི་དམིགས་འབེན་དང་། གཞི་རྩའི་རྩ་དོན། འོས་འགན་གཙོ་བོ་གསལ་འབེབས་དང་། འབྲེལ་ཡོད་ཀྱི་སྐུལ་འདེད་བྱེད་ཐབས་ཞིབ་ཕྲ་བཟོས་ཡོད་ལ། ལྷག་པར་དུ་ལོ་རེའི་ཟླ་དགུ་བ“འཛད་སྤྱོད་དབུལ་སྐྱོར་ཉིན་མོ”རུ་གཏན་འཁེལ་བྱས་ཏེ་ལོ་གསུམ་གྱི་ནང་དུ་དབུལ་སྐྱོར་ཐོན་རྫས་སྒོར་དུང་ཕྱུར100ཡི་རིམ་པ་བྲིན་འཚོང་ཐུབ་པར་བརྩོན་ལེན་བྱ་རྒྱུ་གཏན་འཁེལ་བྱས་ཡོད་པ་རེད།

《ཇུས་གཞི》ཡི་ནང་དུ། རང་རེའི་ཞིང་ཆེན་གྱིས་གང་མགྱོགས་ཅི་མགྱོགས་ཀྱིས“ཆེད་སྤྱོད་གསུམ་གྱི་སྟེགས་བུ ”སྟེ། ཞིང་ཆེན་ནང་ཁུལ་གྱི་མི་ཚོགས་ཀྱི་འདུ་འགོད་ཆེ་སར་འཛད་སྤྱོད་དབུལ་སྐྱོར་གྱི་རིག་ནུས་ཆེད་སྤྱོད་སྒྲོམ་སྟེགས1000ལོ་གསུམ་ཕྱེས་ནས་གཟུག་རྒྱུ་དང་། ཁ་གཏད་མཚོ་སྐྱོར་དང་ཤར་རྒྱུད་སྟོབས་འབྱོར་ལྡན་པའི་ཞིང་ཆེན་དང་གྲོང་ཁྱེར། ཟི་ལིང་གྲོང་ཁྱེར། དེ་མིན་ཆ་རྐྱེན་དང་ལྡན་པའི་ཁུལ་དང་རྫོང་བཅས་སུ་འཛད་སྤྱོད་དབུལ་སྐྱོར་གྱི་ཐོན་རྫས་ཆེད་སྤྱོད་འགྲེམ་ཁང་གཟུག་རྒྱུ། ཞིང་ཆེན་ནང་ཁུལ་གྱི་རང་འདེམ་ཚོང་ཁང་ཆེ་ཤོས་དང་ཁྲོམ་ར་ཆེ་ཤོས་སུ་དབུལ་སྐྱོར་ཐོན་རྫས་ཆེད་ཚོང་ཁུལ་གཟུག་རྒྱུ་ཡིན་པ་དང་། དེ་དང་འབྲེལ་ནས་ཞིང་ཆེན་ནང་ཁུལ་གྱི“མཚོ་སྔོན་ཚོང་རྫས་ཀུན་འདུས”ཞེས་པའི་བྲིན་འཚོང་དྲ་བ་དང་རྒྱལ་ཡོངས་སྤྱི་ཚོགས་དབུལ་སྐྱོར་དྲ་བ་གཉིས་སྦྲེལ་ནས་ཚོང་ལམ་དང་ཞབས་ཞུ་རྒྱ་བསྐྱེད་རྒྱུ། ནོར་སྲིད་ཀྱིས་སྙོམས་སྒྲིག་ཚོད་འཛིན་ཐུབ་པའི་སྲིད་གཞུང་གི་ཉོ་སྒྲུབ་བེད་སྤྱད་དེ་ཞིང་ཡོངས་ཀྱི་སྔོན་རྩིས་ལས་ཁུངས་དག་གིས་དབུལ་སྐྱོར་ཐོན་རྫས་བྲིན་འཚོང་སྟེགས་བུ་ནས་དབུལ་སྐྱོར་ཐོན་རྫས་ཉོ་བར་འཁྲིད་སྟོན་བྱས་ཏེ། དབུལ་སྒྲོལ་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་ལ་རོགས་འདེགས་བྱ་རྒྱུ། ཁ་གཏད་མཚོ་སྐྱོར་ཁག་དང་ཤར་ནུབ་དབུལ་སྐྱོར་མཉམ་འབྲེལ་ཞིང་ཆེན་དང་གྲོང་ཁྱེར། དེ་མིན་རིམ་ཁག་གནས་གཏན་འཁེལ་གྱི་རོགས་སྐྱོར་ལས་ཁུངས་བཅས་སྒྲིག་འཛུགས་བྱས་ནས་འཛད་སྤྱོད་དབུལ་སྐྱོར་གྱི་འགུལ་སྐྱོད་ནང་ཞུགས་པར་སྐུལ་སློང་བྱ་རྒྱུ་ཞེས་བསྟན་ཡོད་པ་རེད།

《ཇུས་གཞི》ཡི་ནང་དུ། རང་རེའི་ཞིང་ཆེན་གྱིས་མུ་མཐུད་ནས“རྒྱལ་ཡོངས་འཛད་སྤྱོད་དབུལ་སྐྱོར་མཚོ་སྔོན་དམངས་སྐྲུན་རྟེན་གཞི”འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ།“མཚོ་སྔོན་ཚོང་རྫས་ཀུན་འདུས”ཀྱི་དྲ་ཐོག་ཉོ་ཚོང་ལ་གཞི་བཅོལ་བ་དང་། རྒྱལ་ནང་གི་དྲ་ལམ་ཚོང་རྟགས་གྲགས་ཆེ་བར་མཉམ་འབྲེལ་བྱས་ནས་དྲ་ཐོག་གི་དབུལ་སྐྱོར་ཐོན་རྫས་འཚོང་ལམ་ལེགས་པོར་ཕྱེ་དགོས་པ་དང་། ཞིང་ཆེན་ནང་ཁུལ་གྱི་ཡུལ་སྐོར་ལྗོངས་ཁུལ་གྲགས་ཅན་དུ་ཡུལ་སྐོར་འཛད་སྤྱོད་དབུལ་སྐྱོར་ཆེད་སྤྱོད་ཁུལ་བཙུགས་ནས་མཚོ་སྔོན་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཞིང་ཕྱུག་ཐོན་རྫས། མི་རིགས་ལག་ཤེས་ཐོན་རྫས་ལ་སོགས་ཡུལ་སྐོར་གྱི་འཛད་སྤྱོད་དབུལ་སྐྱོར་ཐོན་རྫས་སྐོར་ཞིག་བཟོ་དགོས་པའི་བླང་བྱ་ཡང་བཏོན་ཡོད་པ་རེད།

《ཇུས་གཞི》ཡི་ནང་དུ་ད་དུང་སྲིད་ཇུས་མ་དངུལ་གྱི་རྒྱབ་སྐྱོར་དང་། དངོས་ཟོང་སྐྱེལ་འདྲེན་མ་ལག་འཛུགས་སྐྲུན། ཞིབ་དཔྱད་དང་ལྟ་བཤེར། སྡོམ་རྩིས་དང་སྤྱི་སྡོམ། དྲིལ་སྒྲོག་དང་འོས་སྦྱོར་ལ་སོགས་པའི་ཕྱོགས་ཀྱི་འགན་སྲུང་བྱེད་ཐབས་གསལ་འབེབས་བྱས་ནས་གཏན་འབེབས་ཀྱི་ནང་ལྟར་དབུལ་སྐྱོར་ཐོན་རྫས་གཏན་འཁེལ་གསལ་བོ་བྱ་དགོས་པའི་རེ་བ་བཏོན་ཡོད་པ་རེད།

ཁོན་ཐར་འཚོས་བསྒྱུར།