པདྨ་རྫོང་གིས་དགེ་རྒན་དུས་ཆེན་གྱི་གཟེངས་བསྟོད་ཚོགས་ཆེན་འཚོགས།

— པདྨ་རྫོང་གིས་ཐེངས་སོ་དྲུག་པའི་དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་དང་སློབ་གསོའི་ལས་དོན་གྱི་གཟེངས་བསྟོད་ཚོགས་ཆེན་འཚོགས།

ཟླ9བའི་ཚེས10ཉིན་པདྨ་རྫོང་གིས་ཐེངས་སོ་དྲུག་པའི་དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་དང་སློབ་གསོའི་ལས་དོན་གྱི་གཟེངས་བསྟོད་ཚོགས་དེ་རྫོང་ཏང་སྲིད་ཐོག་ཁང་གི་ཁང་བརྩེགས་དྲུག་པའི་གྲོས་ཚོགས་ཁང་དུ་གཟབ་རྒྱས་ངང་འཚོགས། ཁུལ་ཨུའི་རྒྱུན་ཨུ་དང་རྫོང་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་རྫོང་དམངས་ཆེན་ཀྲུའུ་རིན་དབང་འབུམ་ཚེ་རིང་། རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་ལིའུ་ཀྲིན་ཝེ་སོགས་རྫོང་རིམ་པ་གཞོན་པ་ཡན་གྱི་མགོ་ཁྲིད་ལས་བྱེད་དང་ཞང་གྲོང་རྡལ་ཁག་གི་ཏང་ཨུའི་ཧྲུའུ་ཅི་དང་ཞང་ཀྲང་། རྫོང་ཨུའི་སྡེ་ཁག་སོ་སོ་དང་རྫོང་ཐད་གཏོགས་ལས་ཁུངས་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ་དང་ཕུལ་བྱུང་དགེ་རྒན་ཁག་ཅིག་གི་འཐུས་ཚབ་མི་སྣ་བཅས་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས་ཤིང་། རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་ལིའུ་ཀྲིན་ཝེ་ལགས་ཀྱིས་ཚོགས་འདུ་ལ་གཙོ་སྐྱོང་གནང་།

ཚོགས་འདུའི་སྟེང་། རྫོང་སྲིད་གཞུང་རྫོང་དཔོན་གཞོན་པ་ཝང་ཀྲི་ཀང་གིས2019ལོའི་ལོ་འཁོར་གྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་དམིགས་ཚད་ཀྱི་ཕྱོགས་བསྡུས་དཔྱད་ཞིབ་སྔོན་ཐོན་རྫོང་དང་ལོ་འཁོར་གྱི་འབྲིང་རྒྱུགས་དང་གཅིག་གྱུར་རྒྱུགས་ལེན་གྱི་ཕུལ་བྱུང་སློབ་གྲྭའི་མིང་ཐོ་བརྡ་ཁྱབ་བྱས་པ་དང་། རྫོང་ཨུའི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའུ་པུའུ་ཀྲང་། རྫོང་སློབ་གསོ་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ལུའོ་ཡོན་པང་གིས་གཟེངས་བསྟོད་ཀྱི་གཏན་འབེབས་ཁྱབ་བསྒྲགས་བྱས་པ་དང་ཀྲུའུ་ཞིའི་སྟེགས་བུའི་སྟེང་སྡོད་པའི་མགོ་ཁྲིད་རྣམས་ཀྱིས2019ལོའི་ཁུལ་རིམ་པའི་གཅིག་གྱུར་རྒྱུགས་ལེན་གྱི་སྔོན་ཐོན་ཐུན་མོང་དང་། ཕུལ་བྱུང་དགེ་རྒན། སྔོན་ཐོན་སློབ་གསོའི་ལས་དོན་པ། ཕུལ་བྱུང་སློབ་གཙོ། ཕུལ་བྱུང་སློབ་སྟོན་ཀྲུའུ་རིན། ཕུལ་བྱུང་རྒྱབ་ཕྱོགས་མཁོ་སྒྲུབ་མི་སྣ་བཅས་ལ་གཟི་བརྗིད་ལག་ཁྱེར་གནང་པ་རེད། ཁུལ་ཨུའི་རྒྱུན་ཨུ་དང་རྫོང་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཤིས་ཚིག་ཕུལ་ཏེ་པདྨ་རྫོང་གི་ཚན་ཁག་ཆེན་པོ་བཞི་དང་རྫོང་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཚབ་བྱས་ནས་དགེ་རྒན་དང་སློབ་གསོའི་ལས་དོན་པ་བཅས་ལ་དུས་ཆེན་གྱི་འཚམས་འདྲི་དང་བླ་མེད་ཀྱི་གུས་འདུད་ཞུས་ཏེ། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང་དང་དཔེ་བཟང་མི་སྒེར་ལ་རྟེན་འབྲེལ་ཞུས་པ་དང་རྫོང་ཡོངས་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས།

ཤ་བོ་སྐྱབས་ཀྱིས་བསྟན་དོན། ཉེ་བའི་ལོ་ཤས་རིང་། རྫོང་ཡོངས་ཀྱི་རྒྱ་ཆེའི་སློབ་གསོའི་ལས་དོན་པས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་འོག་ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་བསྟར་ནན་ཏན་བྱས་ཏེ་རང་རྟོགས་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི"ཡོད་པ་བཞི"དང"ལམ་སྟོན་བཞི""གཅིག་གྱུར་བཞིའི"དགེ་རྒན་བཟང་པོའི་ཚད་གཞི་མིག་དཔེར་བྱས་ནས་འབད་འབུངས་ཧུར་ལེན་དང་དཀའ་སྤྱད་འབད་བརྩོན་གྱིས་ཕུལ་བྱུང་སློབ་མ་ཁྱུ་དང་ཁྱུ་སྐྱེད་སྲིང་བྱས་ནས། པདྨའི་སློབ་གསོ་ལ་ཡར་རྒྱས་ཆེན་པོ་བྱུང་ནས་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་བ་དང་། ལྷག་པར་དུ་ལོ་ལྔ་ལ་བསྟུད་མར་ཁུལ་ཡོངས་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཀྱི་དམིགས་ཚད་ལ་ཕྱོགས་བསྡུས་དཔྱད་ཞིབ་ཀྱི་ཨང་དང་པོའི་གྲུབ་འབྲས་བཟང་པོ་ཐོབ་ནས2019ལོར་ཁུལ་ཡོངས་ཀྱི་འབྲིང་རྒྱུགས་སྦྱངས་འབྲས་ཕུལ་བྱུང་སློབ་གྲྭའི་མིང་ཆ་ཚང་བླངས་པ་མ་ཟད།2019ལོར་ཁུལ་ཡོངས་ཀྱིས་གཅིག་གྱུར་རྒྱུགས་ལེན་སྦྱངས་འབྲས་ཕུལ་བྱུང་སློབ་གྲྭའི་མདུན་གྲལ་གྱི་ཨང་བཅུའི་ནང་སློབ་གྲྭ་དྲུག་གིས་ཨང་རིམ་བཟུང་པ་དང་།རྫོང་ཨུའི་སློབ་གསོ་ལས་དོན་ཨུ་ལྷན་ལ2019ཡི་ལོ་འཁོར་གྱི་དཔྱད་ཞིབ་སྔོན་ཐོན་ཐུན་མོང་སོགས་གྲུབ་འབྲས་དེ་དག་ཐོབ་པ་ནི་རྒྱ་ཆེའི་སློབ་གསོའི་ལས་དོན་པས་དཀའ་སྤྱད་འབད་བརྩོན་བྱས་པར་ཁ་འབྲལ་ཐབས་མེད་པས་རེ་བ་ལ་གཟེངས་བསྟོད་ཐོབ་པའི་ཐུན་མོང་དང་མི་སྒེར་གྱིས་གཟི་བརྗིད་ལ་གཅེས་སྤྲས་དང་ང་རྒྱལ་དང་འཚབ་འཚུབ་སྤངས་ནས་སླད་ཕྱིན་གྱི་སློབ་ཁྲིད་ལས་དོན་ཁྲོད་སྣེ་ཁྲིད་དང་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཕྱོགས་བསྡུས་བྱང་ཚད་དང་སློབ་ཁྲིད་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས་པདྨའི་སློབ་གསོའི་ལས་དོན་སྐས་རིམ་གསར་བ་ཞིག་ལ་སླེབས་པར་སྐུལ་འདེད་གཏོང་དགོས།

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། གཅིག་ནས་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་བྱེད་པར་ཁྱོན་ཡོངས་ནས་ཤུགས་རྒྱག་དགོས། རྒྱ་ཆེའི་དགེ་རྒན་རྣམས་ཀྱིས་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་ཏང་དང་མི་དམངས་ཀྱི་བློ་ཡིད་ཚིམ་པའི་དགེ་རྒན་བཟང་པོ་ཞིག་བྱ་རྒྱུའི་བརྩོན་ལེན་བྱེད་པ་དང་ལས་སྒོ་བྱང་ཆུབ་པའི་རྐང་འཛིན་པ་ཞིག་དང་། བྱ་སྤྱོད་ཀྱི་དཔེ་སྟོན་པ་ཞིག་བྱ་རྒྱུ་བརྩོན་ལེན་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་ཏང་ཀྲུང་དབྱང་དང་གཅིག་གྱུར་ཡོང་བ་དང་རྫོང་ཨུ་དང་གོམ་སྟབས་གཅིག་གྱུར་ཡོང་བ་བྱས་ནས་སྣེ་ཁྲིད་དེ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལ་བརྩི་བཀུར་བྱེད་མཁན་དང་རྒྱབ་སྐྱོར་བྱེད་མཁན་ཞིག་བྱེད་དགོས་ལ། ཡོད་ཚད་སློབ་མའི་ཆེད་དུ་ཡིན་པ་དང་། སློབ་མ་ཡོད་ཚད་ཀྱི་ཆེད་དུ་ཡིན་པ། སློབ་མའི་ཡོད་ཚད་ཀྱི་ཆེད་དུ་ཡིན་པ་བཅས་ཀྱི་འདུ་ཤེས་ཀྱིས་སློབ་མའི་ད་ལྟའི་འགན་འཁུར་དང་། མ་འོངས་པར་འགན་འཁུར་བ། ཚེ་གང་པོར་འགན་འཁུར་བ་བཅས་བྱེད་ཐུབ་དགོས། གཉིས་ནས་སློབ་གསོ་དོ་མཉམ་ངང་འཕེལ་རྒྱས་ཡོང་བར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བར་ཤུགས་རྒྱག་དགོས། སློབ་གསོ་སྔོན་ལ་འཇོག་པའི་འཐབ་ཇུས་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱས་ནས། སློབ་གསོ་འདྲ་མཉམ་ངང་འཕེལ་རྒྱས་གཏོང་བར་སྐུལ་སྤེལ་གང་ཐུབ་བྱས་ཏེ་སློབ་གསོར་མ་དངུལ་འཇོག་པ་དང་། ཐོན་ཁུངས་བཀོད་སྒྲིག ལམ་ལུགས་ལག་བསྟར། སློབ་གསོའི་གོ་སྐབས། སློབ་གསོའི་དབུལ་སྐྱོར་བཅས་ཀྱི་ཐད་འདྲ་མཉམ་མངོན་པར་བྱས་ཏེ་སློབ་གསོ་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་བ་དང་། སྔར་ལས་ལེགས་པ། སྔར་ལས་འདྲ་མཉམ་བཅས་ཀྱི་སྒོ་ནས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཕན་པ་ཐོབ་པར་བྱ་དགོས། རྒྱ་ཆེའི་དགེ་རྒན་གྱིས་སློབ་ཁྲིད་སྤུས་ཚད་ལ་དམ་འཛིན་བྱེད་པའི་ཧུར་བརྩོན་རང་བཞིན་སྐུལ་སློང་ཧུར་ཐག་བྱས་ནས་རྫོང་ཡོངས་ཀྱི་སློབ་གསོ་སློབ་ཁྲིད་སྤུས་ཚད་ལ་ཚད་བརྒལ་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། གསུམ་ནས་དགེ་རྒན་ལ་གུས་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བར་ཤུགས་རྒྱག་དགོས། སྤྱི་ཡོངས་ཀྱི་འདུ་ཤེས་ཆེ་རུ་བཏང་ནས་ནུས་ཤུགས་ཡོད་རྒུས་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང་ཡང་དག་པའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་མཐའ་འཁྱོངས་ཀྱིས་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཀྱི་ཉམས་མྱོང་བཟང་པོ་དང་བྱེད་སྟངས་བཟང་པོ་སྔོག་འདོན་གཏིང་ཟབ་བྱས་ཏེ། སློབ་གསོའི་འཐབ་ཕྱོགས་ཀྱི་ཕུལ་བྱུང་དཔེ་མཚོན་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱས་ནས་སློབ་གསོར་མཐོང་ཆེན་དང་དགེ་རྒན་ལ་གུས་བཀུར་བྱེད་པའི་རྣམ་པ་བཟང་པོ་ཞིག་ཧུར་ཐག་གིས་བསྐྲུན་ཏེ་རྫོང་ཡོངས་ཀྱི་གོང་འོག་ཚང་མས་པདྨ་རྫོང་གི་གནས་ཚུལ་དང་ཞང་གི་གནས་ཚུལ། སློབ་གྲྭའི་གནས་ཚུལ་བཅས་ལ་རྒྱུས་ལོན་བྱས་ནས། རྫོང་ཡོངས་ཀྱི་རྒྱ་ཆེའི་སློབ་གསོའི་ལས་དོན་པས་སློབ་མ་ཚོར་པདྨའི་གཏམ་རྒྱུད་ཡག་པོ་བཤད་པ་དང་ནུས་ཤུགས་ཡོད་རྒུས"མདོག་གསུམ་པདྨ"བསྐྲུན་པ་དང་ལྷག་པར་དུ་གསར་བརྗེའི་སློབ་གསོའི་ཐད་རྨང་གཞི་བརྟན་པོ་གདིང་དགོས།

ལིའུ་ཀྲིན་ཝེ་ཡིས་བསྟན་རྒྱུར། ཉེ་བའི་ལོ་ཤས་རིང་། པདྨ་རྫོང་དུ་རྒྱལ་ཁབ་ཀྱི་སྲིད་ཇུས་རྒྱབ་སྐྱོར་དང་མ་དངུལ་གཏོང་བ། དེ་བཞིན་རྫོང་ཡོངས་ཀྱི་ལས་བྱེད་ལས་བཟོ་དང་རྒྱ་ཆེའི་མང་ཚོགས་ཀྱི་ཐུན་མོང་འབད་བརྩོན་འོག་པདྨ་རྫོང་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་ལ། གྲུབ་འབྲས་དེ་དག་ནི་ཁུལ་ཨུ་དང་ཁུལ་སྲིད་གཞུང་། རྫོང་ཨུ་དང་རྫོང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་ལས་ཐོབ་པ་ཡིན་ལ། “པདྨའི་ཉམས་མྱོང”སྲ་བརྟན་དང་མཐོར་འདེགས་ལས་བྱུང་བ་ཞིག་དང་། ང་ཚོའི་རྫོང་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་ལས་བཟོ་པས་དཀའ་སྤྱད་འབད་བརྩོན་དང་རྒྱབ་སྐྱོར་བྱས་པ་ལས་བྱུང་བ་ཞིག་ཀྱང་ཡིན་པས། རྫོང་ཡོངས་ཀྱི་གོང་འོག་ཚང་མས་དེ་རིང་གི་ཐོབ་པར་དཀའ་བའི་མཛེས་སྡུག་ལྡན་པའི་འཚོ་བ་དང་ཁོར་ཡུག་ལ་གཅེས་སྤྲས་བྱེད་དགོས་པ་དང་། སྤྱི་ཚོགས་འཆམ་མཐུན་དང་། མི་རིགས་མཐུན་སྒྲིལ་བཅས་ཀྱི་རྣམ་པ་བཟང་པོ་ལ་གཅེས་སྤྲས་བྱེད་དགོས་ལ། རྫོང་ཡོངས་ཀྱི་རྒྱ་ཆེའི་སློབ་གསོའི་ལས་དོན་པ་རྣམས་པདྨའི་གཏམ་རྒྱུད་བརྒྱུད་བསྒྲགས་བྱེད་མཁན་དང་དྲིལ་བསྒྲགས་བྱེད་མཁན་སྔར་བས་བཟང་པོ་བྱས་ནས"མདོག་གསུམ་པདྨའི"འཛུགས་སྐྲུན་ནང་ཧུར་ཐག་གིས་ཞུགས་དགོས།

ལིའུ་ཀྲིན་ཝེ་ཡིས་ནན་གྱིས་བསྟན་དོན། གཅིག་ནས་སློབ་གསོའི་སྤུས་ཚད་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས། སློབ་གསོའི་སྤུས་ཚད་ནི་སློབ་གསོའི་སྲོག་རྩ་ཡིན་པ་དང་། སློབ་གསོའི་ཆུ་ཚད་ལེགས་ཤོས་ནི་སྤྱི་ཚོགས་ལས་རིགས་ཁག་གི་ཐུན་མོང་གི་རེ་སྒུག་ཡིན་པས། སློབ་གསོའི་གཙོ་གཉེར་སྡེ་ཁག་དང་རྫོང་ཡོངས་ཀྱི་སློབ་གྲྭ་ཁག་གིས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི“སློབ་གྲྭ་འདེམས་པ་དང་འཛིན་གྲྭ་འདེམས་པ། དགེ་རྒན་འདེམས་པ་ལ་སོགས་པའི་གནད་དོན་གཙོ་བོ་རྣམས་ཐག་གཅོད་ཧུར་ཐག་བྱས་ཏེ། སློབ་མ་ཚོ་ཐག་ཉེ་སའི་སློབ་གྲྭར་འགྲོ་བ་དང་སློབ་གྲྭ་བཟང་པོ་འགྲོ་བ་བྱས་ནས་ཐོག་མཐའ་བར་གསུམ་དུ་སློབ་གསོའི་སྤུས་ཚད་དེ་སྲོག་རྩ་ལྟ་བུར་བརྩིས་ནས་སློབ་ཁྲིད་དམ་འཛིན་དང་། སྒྱུར་བཅོས་དམ་འཛིན། དོ་དམ་དམ་འཛིན་བཅས་བྱས་ནས་ཡོད་ཚད་སློབ་མའི་ཆེད་དུ་ཡིན་པ་དང་། སློབ་མ་ཡོད་ཚད་ཀྱི་ཆེད་དུ་ཡིན་པ། སློབ་མའི་ཡོད་ཚད་ཀྱི་ཆེད་དུ་ཡིན་པ་བཅས་ཀྱི་འདུ་ཤེས་མཐའ་འཁྱོངས་ཀྱིས་རྩེ་གྲས་སློབ་སྒྲུབ་ཆུ་ཚད་ལ་བརྟེན་ནས་སློབ་མའི་ཁྱིམ་བདག་དང་སྤྱི་ཚོགས་ཀྱི་ཁས་ལེན་ཐོབ་པ་བྱེད་དགོས། གཉིས་ནས་སྤྱོད་ཡོན་གཉིས་ལྡན་གྱི་དགེ་རྒན་དཔུང་ཁག་གསོ་སྐྱོང་ལ་ཤུགས་རྒྱག་དགོས། རྒྱ་ཆེའི་དགེ་རྒན་གྱིས་ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་དང་སློབ་ཁྲིད་མི་སྐྱོང་བྱ་རྒྱུ་ལས་འགན་གཙོ་བོར་བཟུང་སྟེ་ཀུན་སྤྱོད་ལ་བརྟེན་ནས་ལུས་སྦྱོང་དང་བྱ་སྤྱོད་ལ་བརྟེན་ནས་སློབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། ཐོག་མཐའ་བར་གསུམ་དུ་དགེ་རྒན་གྱི་ཀུན་སྤྱོད་བླ་ན་མེད་པ་རྒྱུན་འཁྱོངས་དང་། རང་རྟོགས་ཀྱིས་དགེ་རྒན་གྱི་ཀུན་སྤྱོད་བློ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། བླ་མེད་བསམ་ཚུལ་དོན་གཉེར། བླ་མེད་གཤིས་རྒྱུད་སྦྱོང་བརྡར་བཅས་བྱས་ཏེ། རང་ཉིད་ཀྱི་ཤེས་བྱ་དང་། བརྒྱུད་རིམ། ཉམས་མྱོང་བཅས་ལ་བརྟེན་ནས་སློབ་མར་བདེན་ལེགས་མཛེས་གསུམ་དོན་གཉེར་བྱེད་པའི་ཁྲིད་སྟོན་བྱེད་པ་དང་། ཡོན་ཏན་སྦྱང་ནས་གཞན་གྱི་དགེ་རྒན་དང་ཀུན་སྤྱོད་ཀྱིས་གཞན་ལ་མིག་དཔེ་སྟོན་པའི་མི་གཤིས་ཀྱི་ཡིད་དབང་འཕྲོག་ཤུགས་སྤྱད་དེ། བརྩེ་སེམས་ངོ་མ་དང་ལྷག་བསམ་ངོ་མའི་སློབ་མའི་སློབ་གསོ་ལ་ཤུགས་རྐྱེན་བཟོས་ནས་སློབ་མ་རྣམས་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་རོགས་རམ་བྱ་དགོས། གསུམ་ནས་སློབ་གསོ་འཕེལ་རྒྱས་གཏོང་བའི་རྣམ་པ་བཟང་པོ་ཧུར་ཐག་གིས་བསྐྲུན་དགོས། རྫོང་ཡོངས་ཀྱི་གོང་འོག་ཚང་མས་སློབ་གསོར་ཐུགས་ཁུར་དང་རྒྱབ་སྐྱོར་བྱ་རྒྱུ་དེ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་། ཞིབ་ཕྲའི་ལས་དོན་ཁྲོད་དུ་མངོན་པར་བྱས་ནས་སློབ་གསོ་དམ་འཛིན་བྱེད་པ་ནི་དཔལ་འབྱོར་དམ་འཛིན་བྱེད་པ་དང་། སློབ་གསོ་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་དམ་འཛིན་བྱེད་པ། སློབ་གསོ་དམ་འཛིན་བྱེད་པ་ནི་ཡུན་ཕུགས་དམ་འཛིན་བྱེད་པ་བཅས་ཡིན་པའི”འདུ་ཤེས་ཐོག་མཐའ་བར་གསུམ་དུ་བརྟན་པོ་འཛུགས་དགོས། སློབ་གསོའི་སྡེ་ཁག་གིས་རྒྱལ་ཁབ་དང་ཞིང་ཆེན། ཁུལ་བཅས་ཀྱི་སློབ་གསོ་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་ནན་ཏན་བྱས་ཏེ། སློབ་གསོ་འཕེལ་རྒྱས་གཏོང་བའི་སྐབས་འཕྲད་པའི་གནད་དོན་སྣ་ཚོགས་དུས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་བྱས་ནས། བྱ་བ་བཀོད་སྒྲིག་གནད་དུ་འཁེལ་བ། གྲོན་དངུལ་འགན་སྲུང་གནད་དུ་འཁེལ་བ། སྲིད་ཇུས་ཀྱི་རྒྱབ་སྐྱོར་གནད་དུ་འཁེལ་བ་བཅས་བྱས་ཏེ། རིགས་དབྱེ་བཅོས་སྐྱོང་མཐའ་འཁྱོངས་དང་། རྩ་ལག་མཉམ་བཅོས། གཅིག་གྱུར་འཆར་འགོད། ལྟ་སྐུལ་ཞིབ་བཤེར། དཔྱད་བསྡུར་དཔྱད་ཞིབ། སྤྱི་ཚོགས་ཀྱི་ལས་དོན་སློབ་རར་སྤེལ་བ། སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་སྐོང་འཐེན་བྱེད་པ་སོགས་ཀྱི་ལས་དོན་ལ་གྲོས་བསྡུར་བྱས་ནས། སློབ་གྲྭ་ཆུང་འབྲིང་གི་སློབ་གསོ་སློབ་ཁྲིད་དང་འབྲེལ་བ་མེད་པའི་བྱ་བ་ཚད་ལྡན་དུ་གཏོང་བ་དང་། སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བ། སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ལ་བློ་རྩེ་གཅིག་སྒྲིམ་གྱིས་སློབ་ཁྲིད་དང་སེམས་རྣལ་དུ་ཕབ་ནས་མི་སྣ་གསོ་སྐྱོང་བྱེད་དུ་འཇུག་པ་བཅས་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་སློབ་གསོ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྣམ་པ་བཟང་པོ་ཞིག་ཆགས་པར་འབད་བརྩོན་བྱ་དགོས།

ཚོགས་འདུ་གྲོལ་རྗེས། གཟེངས་བསྟོད་ཐོབ་པའི་ཕུལ་བྱུང་སློབ་གསོའི་ལས་དོན་པ་ཡོངས་ཀྱིས་རྫོང་གི་མགོ་ཁྲིད་དང་ལྷན་དུ་དྲན་རྟེན་མཉམ་པར་བསྐྱོན་པ་རེད། ཁུལ་ཨུའི་རྒྱུན་ཨུ་རྫོང་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་རྫོང་སྲིད་གཞུང་གི་རྫོང་དཔོན་ལིའུ་ཀྲིན་ཝེ་སོགས་མགོ་ཁྲིད་ཀྱིས་རྫོང་གི་ཚན་ཁག་ཆེན་པོ་བཞིའི་ཚབ་བྱས་ནས་འཐབ་ཕྱོགས་དང་པོའི་དགེ་རྒན་དང་སློབ་གསོའི་ལས་དོན་པ་ཁག་གཅིག་ལ་འཚམས་འདྲི་གནང་བ་རེད།