༄༅། །ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ།

ཨང721པ།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཟས་རིགས་བདེ་འཇགས་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》2019ལོའི་ཟླ3པའི་ཚེས26ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཐེངས42པའི་སྟེང་བཟོ་བཅོས་བྱས་ནས་གྲོས་འཆམ་བྱུང་ཞིང་། འདིར་བཟོ་བཅོས་བྱས་ཟིན་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཟས་རིགས་བདེ་འཇགས་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》ཁྱབ་བསྒྲགས་བྱས་ཏེ2019ལོའི་ཟླ12པའི་ཚེས1ཉིན་ནས་བཟུང་ལག་བསྟར་བགྱི་དགོས།


ཙུང་ལི། ལི་ཁེ་ཆང་།


2019ལོའི་ཟླ10བའི་ཚེས11ཉིན།

༄༅། །གླ་རྒྱག་ཞིང་པའི་གླ་ཕོགས་སྟེར་བར་འགན་སྲུང་བྱེད་པའི་སྐོར་གྱི་སྲོལ་ཡིག

ལེའུ་དང་པོ། སྤྱིའི་དོན་ཚན།

དོན་ཚན་དང་པོ། གླ་རྒྱག་ཞིང་པའི་གླ་ཕོགས་སྟེར་སྟངས་ཚད་ལྡན་དུ་བཏང་སྟེ། གླ་རྒྱག་ཞིང་པར་དུས་ལྟར་གླ་ཕོགས་ཁ་ཚང་ཐོབ་པར་འགན་སྲུང་བྱེད་ཆེད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངལ་རྩོལ་བཅའ་ཁྲིམས》དང་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་སྟེ། སྲོལ་ཡིག་འདི་གཏན་ལ་ཕབ་པ་ཡིན།

དོན་ཚན་གཉིས་པ། གླ་རྒྱག་ཞིང་པའི་གླ་ཕོགས་སྟེར་བར་འགན་སྲུང་བྱེད་པ་ལ་སྲོལ་ཡིག་འདི་སྤྱོད་འཐུས་པ་ཡིན།སྲོལ་ཡིག་འདིའི་ནང་གླ་རྒྱག་ཞིང་པ་ཞེས་པ་ནི།མི་བཀོལ་མཁན་སྡེ་ཚན་ལ་ངལ་རྩོལ་འདོན་པའི་ཞིང་སྡེའི་སྡོད་དམངས་ལ་གོ་དགོས།སྲོལ་ཡིག་འདིའི་ནང་གླ་ཕོགས་ཞེས་པ་ནི། གླ་རྒྱག་ཞིང་པས་མི་བཀོལ་མཁན་སྡེ་ཚན་ལ་ངལ་རྩོལ་བཏོན་རྗེས་ཐོབ་འོས་པའི་ངལ་རྩོལ་ཐོབ་ཆ་ལ་གོ་དགོས།
        དོན་ཚན་གསུམ་པ། གླ་རྒྱག་ཞིང་པ་ལ་དུས་ལྟར་གླ་ཕོགས་ཁ་ཚང་ཐོབ་པའི་ཁེ་དབང་ཡོད། སྡེ་ཚན་གང་དང་མི་སུ་ཞིག་གིས་ཀྱང་གླ་རྒྱག་ཞིང་པའི་གླ་ཕོགས་ཆད་ན་མི་ཆོག གླ་རྒྱག་ཞིང་པས་ངལ་རྩོལ་སྒྲིག་ལམ་དང་ལས་རིགས་ཀུན་སྤྱོད་བརྩི་སྲུང་བྱ་དགོས་ལ། ངལ་རྩོལ་བདེ་འཇགས་དང་འཕྲོད་བསྟེན་གྱི་སྒྲིག་རིམ་ལག་ལེན་དུ་བསྟར་ནས། ངལ་རྩོལ་ལས་འགན་འགྲུབ་པར་བྱ་དགོས།

དོན་ཚན་བཞི་བ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་རང་གི་སྲིད་འཛིན་མངའ་ཁོངས་ནང་གི་གླ་རྒྱག་ཞིང་པའི་གླ་ཕོགས་སྟེར་བར་འགན་སྲུང་བྱེད་པའི་བྱ་བར་འགན་འཁུར་དགོས་ཏེ། གླ་རྒྱག་ཞིང་པའི་གླ་ཕོགས་སྟེར་བར་འགན་སྲུང་བྱེད་པའི་བྱ་བའི་མཐུན་སྦྱོར་རྐྱེན་སྲོལ་འཛུགས་པ་དང། ལྟ་སྐུལ་དོ་དམ་བྱེད་པའི་ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱག་དགོས་ཤིང། གླ་རྒྱག་ཞིང་པའི་གླ་ཕོགས་སྟེར་བར་འགན་སྲུང་བྱེད་པའི་བྱ་བའི་དམིགས་འབེན་ལས་འགན་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་པར་མ་ཟད། རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་རིམ་པ་འོག་མའི་མི་དམངས་སྲིད་གཞུང་ལ་དཔྱད་ཞིབ་དང་ལྟ་སྐུལ་བྱེད་པའི་ནང་དོན་གྱི་གྲས་སུ་བསྡུ་དགོས།ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང་དང་སྲང་ལམ་དོན་གཅོད་ཁང་གིས་གླ་རྒྱག་ཞིང་པའི་གླ་ཕོགས་ཆད་པའི་འགལ་བ་གཙང་བཤེར་དང་འདུམ་འགྲིག་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། འགལ་བ་འགོག་ཟོན་དང་འདུམ་ཐབས་བྱེད་པ་དང་། རྩོད་གཞི་དུས་ཐོག་ཏུ་བསྡུམ་དགོས།

དོན་ཚན་ལྔ་བ། གླ་རྒྱག་ཞིང་པའི་གླ་ཕོགས་སྟེར་རྒྱུ་འགན་སྲུང་བྱེད་པར། ཁྲོམ་རའི་བྱེད་པོས་འགན་འཁུར་བ་དང་། སྲིད་གཞུང་གིས་ཁྲིམས་ལྟར་ལྟ་སྐུལ་དོ་དམ་བྱེད་པ། སྤྱི་ཚོགས་ཀྱིས་མཉམ་ལས་སྒོས་ལྟ་སྐུལ་བགྱིད་པ་བཅས་རྒྱུན་འཁྱོངས་བྱ་དགོས་ལ། ཁུངས་མགོར་བཅོས་སྐྱོང་དང་། སྔོན་འགོག་གཙིགས་འཛིན།འགོག་བཅོས་ཟུང་འབྲེལ། རྩ་ལག་མཉམ་བཅོས་བཅས་བྱེད་པའི་བླང་བྱ་ལྟར། གླ་རྒྱག་ཞིང་པའི་གླ་ཕོགས་ཆད་པའི་གནད་དོན་ཁྲིམས་ལྟར་གཙང་བཅོས་བྱ་དགོས།

དོན་ཚན་དྲུག་པ། མི་བཀོལ་མཁན་སྡེ་ཚན་གྱིས་གླ་རྒྱག་ཞིང་པ་ངལ་རྩོལ་ལས་མིར་བཀོལ་དུས་དངོས་མིང་ལམ་ལུགས་ཀྱི་དོ་དམ་ལག་ལེན་དུ་བསྟར་དགོས་པ་དང། སྡུད་སྤྱོད་བྱས་པའི་གླ་རྒྱག་ཞིང་པ་དང་ཡིག་ཐོག་ཁ་ཆད་བསྒོས་པའམ་ཡང་ན་ཁྲིམས་ལྟར་གཏན་ལ་ཕབ་པའི་སྒྲིག་སྲོལ་ལམ་ལུགས་བརྒྱུད་ནས་གླ་ཕོགས་སྟེར་བའི་ཚད་གཞི་དང་སྟེར་བའི་དུས་ཚོད། སྟེར་སྟངས་སོགས་ཀྱི་ནང་དོན་གཏན་ལ་དབབ་དགོས།
       དོན་ཚན་བདུན་པ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་སྲིད་འཛིན་སྡེ་ཁག་གིས་གླ་རྒྱག་ཞིང་པའི་གླ་ཕོགས་སྟེར་བར་འགན་སྲུང་བྱེད་པའི་བྱ་བར་རྩ་འཛུགས་མཐུན་སྦྱོར་དང། དོ་དམ་མཛུབ་སྟོན།གླ་རྒྱག་ཞིང་པའི་གླ་ཕོགས་སྟེར་བའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བཅས་བྱེད་པའི་འགན་འཁུར་དགོས་པ་དང། གླ་རྒྱག་ཞིང་པར་གླ་ཕོགས་ཆད་པའི་སྐོར་གྱི་གྱོད་གཞི་རྩད་གཅོད་བྱ་དགོས།སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་དང། འགྲིམ་འགྲུལ་སྐྱེལ་འདྲེན། ཆུ་བེད་སོགས་འབྲེལ་ཡོད་ལས་རིགས་ཀྱི་ལས་གྲྭ་འཛུགས་སྐྲུན་གཙོ་གཉེར་སྡེ་ཁག་གིས་འགན་འཁྲི་ལྟར་ལས་རིགས་ལ་ལྟ་སྐུལ་དོ་དམ་བྱེད་པའི་འགན་འཁུར་དགོས་ལ། ཁྲིམས་འགལ་གྱིས་འགན་གཙང་སྤྲོད་དང་། འགན་ལེན་གཞན་སྤྲོད། ཁྲིམས་འགལ་གྱིས་འགན་ལེན་དབྱེ་བགོ ཟུར་བརྟེན། ལས་གྲྭའི་དངུལ་ཆད་འགྱངས་བྱས་པའི་རྐྱེན་ལས་བྱུང་བའི་གླ་རྒྱག་ཞིང་པར་གླ་ཕོགས་ཆད་པའི་གྱོད་གཞི་སྒྲུབ་སྐུལ་བྱ་དགོས།འཕེལ་རྒྱས་བཅོས་སྒྱུར་སོགས་སྡེ་ཁག་གིས་འགན་འཁྲི་ལྟར་སྲིད་གཞུང་གི་མ་དངུལ་གཏོང་འཇོག་ལས་གཞིར་ཞིབ་བཤེར་མཆན་འགོད་དང་དོ་དམ་བྱེད་པའི་འགན་འཁུར་དགོས་ལ། སྲིད་གཞུང་གི་མ་དངུལ་གཏོང་འཇོག་ལས་གཞིའི་མ་དངུལ་གྱི་འབྱུང་ཁུངས་དང་བསྡུ་རུབ་བྱེད་སྟངས་ལ་ཁྲིམས་ལྟར་ཞིབ་བཤེར་བྱ་དགོས། གཏན་འབེབས་ལྟར་དུས་ཐོག་ཏུ་སྲིད་གཞུང་གི་མ་དངུལ་གཏོང་འཇོག་བཀོད་སྒྲིག་བྱེད་པ་དང། སྤྱི་ཚོགས་ཡིད་རྟོན་མ་ལག་གི་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱག་དགོས། གླ་རྒྱག་ཞིང་པའི་གླ་ཕོགས་ཆད་པས་ཡིད་རྟོན་ཤོར་བའི་མཉམ་འབྲེལ་ཆད་གཅོད་བསླབ་འདོམས་བྱ་ཡུལ་དུ་གྱུར་པ་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་གཅུན་སྡོམ་དང་ཆད་གཅོད་བསླབ་འདོམས་བྱ་དགོས།

ནོར་སྲིད་སྡེ་ཁག་གིས་སྲིད་གཞུང་གི་གཏོང་འཇོག་མ་དངུལ་ལ་སྔོན་རྩིས་དང་དོ་དམ་བྱེད་པའི་འགན་འཁུར་དགོས་ལ། ཆོག་མཆན་བཀོད་ཟིན་པའི་སྔོན་རྩིས་གཞིར་བཟུང་སྟེ་སྲིད་གཞུང་གི་གཏོང་འཇོག་མ་དངུལ་ཁ་ཚང་གཏན་འབེབས་ལྟར་དུས་ཐོག་ཏུ་གཏོང་སྤྲོད་བྱ་དགོས།སྤྱི་བདེ་ལས་ཁུངས་ཀྱིས་ངལ་རྩོལ་ཐོབ་ཆ་མི་སྟེར་བའི་ཉེས་དོན་གྱོད་གཞི་ལ་དུས་ཐོག་ཏུ་བདག་སྤྲོད་དང་ཞིབ་གཅོད་བྱེད་པའི་འགན་འཁུར་དགོས་པ་དང། གླ་རྒྱག་ཞིང་པའི་གླ་ཕོགས་ཆད་པ་ལས་བྱུང་བའི་སྤྱི་ཚོགས་བདེ་འཇགས་གྱོད་གཞི་ཁྲིམས་ལྟར་ཐག་གཅོད་བྱ་དགོས།ཁྲིམས་འཛིན་སྲིད་འཛིན་དང། རང་བྱུང་ཐོན་ཁུངས། མི་དམངས་དངུལ་ཁང་། རྩིས་བཤེར། རྒྱལ་དབང་རྒྱུ་ནོར་དོ་དམ། ཁྲལ་དོན། ཁྲོམ་ར་ལྟ་སྐུལ་དོ་དམ། དངུལ་རྩའི་ལྟ་སྐུལ་དོ་དམ་སོགས་སྡེ་ཁག་གིས་འགན་འཁྲི་ལྟར་གླ་རྒྱག་ཞིང་པའི་གླ་ཕོགས་སྟེར་བར་འགན་སྲུང་བྱེད་པའི་འབྲེལ་ཡོད་བྱ་བ་ལེགས་པོར་བསྒྲུབ་དགོས།

དོན་ཚན་བརྒྱད་པ། བཟོ་ཚོགས་དང་གུང་ཁྲན་རིང་ལུགས་ན་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས། དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་སོགས་རྩ་འཛུགས་ཀྱིས་འགན་འཁྲི་ལྟར་གླ་རྒྱག་ཞིང་པའི་གླ་ཕོགས་ཐོབ་པའི་ཁེ་དབང་ལ་ཁྲིམས་ལྟར་སྲུང་སྐྱོང་བྱ་དགོས།

དོན་ཚན་དགུ་བ། གསར་འགྱུར་སྨྱན་བྱད་ཀྱིས་གླ་རྒྱག་ཞིང་པའི་གླ་ཕོགས་སྟེར་བར་འགན་སྲུང་བྱེད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་སྲིད་ཇུས་སྐོར་གྱི་སྤྱི་ཕན་དྲིལ་བསྒྲགས་དང་སྔོན་ཐོན་དཔེ་བཟང་འགོད་སྤེལ་བྱ་དགོས་ལ། གླ་རྒྱག་ཞིང་པར་གླ་ཕོགས་ཆད་པའི་ཁྲིམས་འགལ་བྱ་སྤྱོད་ལ་གླེང་ཕྱོགས་ལྟ་སྐུལ་བྱེད་པར་ཁྲིམས་ལྟར་ཤུགས་སྣོན་བརྒྱག་དགོས་པ་དང། མི་བཀོལ་མཁན་སྡེ་ཚན་གྱིས་ཁྲིམས་ལྟར་ངལ་རྩོལ་པ་བཀོལ་བ་དང་དུས་ལྟར་གླ་ཕོགས་ཁ་ཚང་སྟེར་བའི་བཅའ་ཁྲིམས་འདུ་ཤེས་ཇེ་དྲག་ཏུ་གཏོང་བར་ཁྲིད་སྟོན་དང། གླ་རྒྱག་ཞིང་པས་ཁྲིམས་ལྟར་ཁེ་དབང་སྲུང་བར་ཁྲིད་སྟོན་བྱ་དགོས།

དོན་ཚན་བཅུ་བ། གླ་ཕོགས་ཆད་པའི་གླ་རྒྱག་ཞིང་པར་ཁྲིམས་ལྟར་ཞུ་གཏུག་རྒྱག་པའི་དབང་ཆ་ཡོད་པ་དང་། ཡང་ན་ངལ་རྩོལ་རྩོད་གཞིར་གཟུ་གཅོད་བྱེད་པའི་རེ་ཞུ་འདོན་པ་དང་གཏུག་བཤེར་བྱས་ཀྱང་ཆོག སྡེ་ཚན་གང་དང་མི་སུ་ཞིག་ལ་མཚོན་ནའང་གླ་རྒྱག་ཞིང་པར་གླ་ཕོགས་ཆད་པའི་བྱ་སྤྱོད་དེ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་སྲིད་འཛིན་སྡེ་ཁག་གམ་ཡང་ན་འབྲེལ་ཡོད་སྡེ་ཁག་གཞན་དག་ལ་ཐེར་འདོན་བྱེད་པའི་དབང་ཆ་ཡོད།མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་སྲིད་འཛིན་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གཞན་དག་གིས་ཐེར་འདོན་ཞུ་གཏུག་ཁ་པར་དང་དྲ་ཚིགས་སོགས་ཀྱི་ཐབས་ལམ་ཡོངས་བསྒྲགས་བྱས་ནས། གླ་རྒྱག་ཞིང་པར་གླ་ཕོགས་ཆད་པའི་བྱ་སྤྱོད་ཐེར་འདོན་དང་ཞུ་གཏུག་བྱས་པ་ཁྲིམས་ལྟར་དང་ལེན་བྱ་དགོས། ཐེར་འདོན་དང་ཞུ་གཏུག་ཐག་གཅོད་བྱེད་པར་ཐོག་མའི་རྩད་འདྲི་འགན་འཁུར་ལམ་ལུགས་ལག་བསྟར་བྱ་དགོས་པ་དང། སྡེ་ཁག་དེ་གར་བདག་སྤྲོད་བྱ་དགོས་པ་ཡིན་ན།ཁྲིམས་ལྟར་དུས་ཐོག་ཏུ་ཐག་གཅོད་བྱ་དགོས། སྡེ་ཁག་དེ་གར་བདག་སྤྲོད་བྱ་དགོས་པ་མིན་ན། དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཁག་ལ་བརྒྱུད་སྤྲོད་བྱ་དགོས་ལ། འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་ལྟར་དུས་ཐོག་ཏུ་ཐག་གཅོད་བྱ་དགོས་པར་མ་ཟད། ཐག་གཅོད་མཇུག་འབྲས་དེ་ཐེར་འདོན་དང་ཞུ་གཏུག་བྱེད་མཁན་ལ་གོ་བར་སྨྲ་དགོས།

ལེའུ་གཉིས་པ། གླ་ཕོགས་སྟེར་སྟངས་དང་དུས་ཡུན།

དོན་ཚན་བཅུ་གཅིག་པ། གླ་རྒྱག་ཞིང་པའི་གླ་ཕོགས་ནི་དངུལ་ལོར་གྱི་རྣམ་པ་ལྟར་དངུལ་ཁང་ནས་རྩིས་སྤོ་བའམ་ཡང་ན་གླ་རྒྱག་ཞིང་པ་ཉིད་ལ་ལག་དངུལ་སྟེར་དགོས་པ་ལས། དངོས་པོའམ་ཡང་ན་རིན་ལྡན་དངུལ་འཛིན་སོགས་རྣམ་པ་གཞན་གྱིས་དེའི་ཚབ་བྱས་མི་ཆོག

དོན་ཚན་བཅུ་གཉིས་པ། མི་བཀོལ་མཁན་སྡེ་ཚན་གྱིས་གླ་རྒྱག་ཞིང་པ་དང་ཡིག་ཐོག་གི་ཁ་ཆད་བསྒོས་པའམ་ཡང་ན་ཁྲིམས་ལྟར་བཟོས་པའི་སྒྲིག་སྲོལ་ལམ་ལུགས་ནང་གཏན་ལ་ཕབ་པའི་ཕོགས་སྟེར་འཁོར་ཡུན་དང་བྱེ་བྲག་གི་གླ་ཕོགས་སྟེར་ཉིན་ལྟར་གླ་ཕོགས་ཁ་ཚང་སྟེར་དགོས།

དོན་ཚན་བཅུ་གསུམ་པ། ཟླ་བའམ། གཟའ་འཁོར་རམ། ཉི་མའམ། ཆུ་ཚོད་ལྟར་གླ་ཕོགས་སྟེར་བའི་ལམ་ལུགས་བྱེད་པ་ཡིན་ན། ཟླ་བའམ། གཟའ་འཁོར་རམ། ཉི་མའམ། ཆུ་ཚོད་ནི་འཁོར་ཡུན་རེ་བྱས་ཏེ་གླ་ཕོགས་སྟེར་དགོས། ཐོན་གྲངས་བརྩི་བའི་གླ་ཕོགས་ལམ་ལུགས་ལག་བསྟར་བྱེད་པ་ཡིན་ན། གླ་ཕོགས་སྟེར་བའི་འཁོར་ཡུན་ནི་ཕྱོགས་གཉིས་ཀྱིས་ཁྲིམས་ལྟར་ཁ་ཆད་བསྒོ་དགོས།

དོན་ཚན་བཅུ་བཞི་བ། མི་བཀོལ་མཁན་སྡེ་ཚན་གྱིས་གླ་རྒྱག་ཞིང་པ་དང་ཡིག་ཐོག་གི་ཁ་ཆད་བསྒོས་པའམ་ཡང་ན་ཁྲིམས་ལྟར་བཟོས་པའི་སྒྲིག་སྲོལ་ལམ་ལུགས་ནང་གཏན་ལ་ཕབ་པའི་གླ་ཕོགས་སྟེར་ཉིན་ནི། གླ་རྒྱག་ཞིང་པས་ངལ་རྩོལ་བཏོན་པའི་འཁོར་ཡུན་དེ་ཡིན་ཆོག་ལ་འཁོར་ཡུན་རྗེས་མ་ཡིན་ཡང་ཆོག གླ་ཕོགས་སྟེར་ཉིན་དེ་ཁྲིམས་བཀོད་ཀྱི་དུས་ཆེན་ནམ་གུང་གསེང་དང་ཡང་ན་ངལ་གསོ་ཉིན་མོར་འཕྲད་ན། ཁྲིམས་བཀོད་ཀྱི་དུས་ཆེན་ནམ་གུང་གསེང་དང་ཡང་ན་ངལ་གསོ་ཉིན་མོའི་སྔ་རོལ་ཏུ་གླ་ཕོགས་སྟེར་དགོས།མི་བཀོལ་མཁན་སྡེ་ཚན་ནི་ལྡོག་མེད་ཀྱི་རྐྱེན་ངན་ལ་འཕྲད་དེ་གླ་ཕོགས་སྟེར་ཉིན་ལ་གླ་ཕོགས་སྟེར་མ་ཐུབ་ན། ལྡོག་མེད་ཀྱི་རྐྱེན་ངན་སེལ་བའི་རྗེས་སུ་དུས་ཐོག་ཏུ་གླ་ཕོགས་སྟེར་དགོས།

དོན་ཚན་བཅོ་ལྔ་བ། མི་བཀོལ་མཁན་སྡེ་ཚན་གྱིས་ཕོགས་སྟེར་འཁོར་ཡུན་ལྟར་ཡིག་ཐོག་གི་གླ་ཕོགས་སྟེར་ཐོ་བཟོ་དགོས་པར་མ་ཟད། མ་མཐར་ཡང་ལོ3ལ་ཉར་འཇོག་བྱ་དགོས།ཡིག་ཐོག་གི་གླ་ཕོགས་སྟེར་ཐོ་ལ་མི་བཀོལ་མཁན་སྡེ་ཚན་གྱི་མིང་དང། ཕོགས་སྟེར་འཁོར་ཡུན། གླ་ཕོགས་སྟེར་ཉིན། གླ་ཕོགས་ཐོབ་མཁན་གྱི་མིང་དང་ཐོབ་ཐང་ལག་ཁྱེར་ཨང་གྲངས་དང་འབྲེལ་གཏུག་བྱེད་སྟངས། ལས་ཀ་སྒྲུབ་ཡུན། སྟེར་དགོས་པའི་གླ་ཕོགས་ཀྱི་རྣམ་གྲངས་དང་གྲངས་འབོར། ཚབ་གཅོག་དང་ཚབ་སྤྲོད་དང་ཚབ་འཐེན་བྱས་པའི་རྣམ་གྲངས་དང་གྲངས་འབོར།དངོས་ཡོད་གླ་ཕོགས་ཀྱི་གྲངས་འབོར། དངུལ་ཁང་གིས་གླ་ཕོགས་ཚབ་སྤྲོད་བྱས་པའི་དཔང་འཛིན་ནམ་ཡང་ན་གླ་རྒྱག་ཞིང་པས་མིང་རྟགས་བཀོད་པ་སོགས་ཀྱི་ནང་དོན་འདུ་དགོས།མི་བཀོལ་མཁན་སྡེ་ཚན་གྱིས་གླ་རྒྱག་ཞིང་པའི་གླ་ཕོགས་སྟེར་སྐབས། གླ་རྒྱག་ཞིང་པ་དེ་ཉིད་ཀྱི་གླ་ཕོགས་གསལ་ཐོ་འདོན་སྤྲོད་བྱ་དགོས།

ལེའུ་གསུམ་པ། ཆད་པའི་གླ་ཕོགས་གཙང་འཇལ།

དོན་ཚན་བཅུ་དྲུག་པ། མི་བཀོལ་མཁན་སྡེ་ཚན་གྱིས་གླ་རྒྱག་ཞིང་པར་གླ་ཕོགས་ཆད་ཡོད་ན། ཁྲིམས་ལྟར་གཙང་འཇལ་བྱ་དགོས།
       དོན་ཚན་བཅུ་བདུན་པ། ཁྲིམས་མཐུན་གྱི་བདག་གཉེར་ཐོབ་ཐང་མི་འཛོམས་པའི་སྡེ་ཚན་གྱིས་གླ་རྒྱག་ཞིང་པ་སྡུད་སྤྱོད་བྱས་ཏེ། གླ་རྒྱག་ཞིང་པས་ངལ་རྩོལ་བཏོན་ཡང་གླ་ཕོགས་མ་ཐོབ་ན། འབྲེལ་ཡོད་ཀྱི་བཅའ་ཁྲིམས་གཏན་འབེབས་ལྟར་ལག་ལེན་དུ་བསྟར་དགོས།
       དོན་ཚན་བཅོ་བརྒྱད་པ། མི་བཀོལ་མཁན་སྡེ་ཚན་གྱིས་མི་སྒེར་དང་ཡང་ན་ཁྲིམས་མཐུན་གྱི་བདག་གཉེར་ཐོབ་ཐང་མི་འཛོམས་པའི་སྡེ་ཚན་ནམ་ཁྲིམས་ལྟར་ངལ་རྩོལ་པ་མངགས་གཏོང་གི་ཆོག་འཐུས་ལག་ཁྱེར་བླངས་མེད་པའི་སྡེ་ཚན་གྱིས་མངགས་གཏོང་བྱས་པའི་གླ་རྒྱག་ཞིང་པ་བཀོལ་སྤྱོད་བྱས་ཏེ། གླ་རྒྱག་ཞིང་པར་གླ་ཕོགས་ཆད་ན། མི་བཀོལ་མཁན་སྡེ་ཚན་གྱིས་གཙང་འཇལ་བྱ་དགོས་པར་མ་ཟད། ཁྲིམས་ལྟར་སྐྱིན་ཚབ་དེད་ཆོག

དོན་ཚན་བཅུ་དགུ་བ། མི་བཀོལ་མཁན་སྡེ་ཚན་གྱིས་བྱ་བའི་ལས་འགན་དེ་མི་སྒེར་རམ་ཡང་ན་ཁྲིམས་མཐུན་གྱི་བདག་གཉེར་ཐོབ་ཐང་མི་འཛོམས་པའི་སྡེ་ཚན་ལ་འགན་གཙང་སྤྲོད་བྱས་པའི་རྐྱེན་གྱིས། སྡུད་སྤྱོད་བྱས་པའི་གླ་རྒྱག་ཞིང་པར་གླ་ཕོགས་ཆད་ན། འབྲེལ་ཡོད་ཀྱི་བཅའ་ཁྲིམས་གཏན་འབེབས་ལྟར་ལག་ལེན་དུ་བསྟར་དགོས།མི་བཀོལ་མཁན་སྡེ་ཚན་གྱིས་མི་སྒེར་དང་ཡང་ན་ཁྲིམས་མཐུན་གྱི་བདག་གཉེར་ཐོབ་ཐང་མི་འཛོམས་པའི་སྡེ་ཚན་ནམ་བབ་མཚུངས་ཀྱི་ཐོབ་ཐང་བླངས་མེད་པའི་སྡེ་ཚན་ལ་མི་བཀོལ་མཁན་སྡེ་ཚན་གྱི་མིང་ཐོག་ནས་ཕྱི་ལ་བདག་གཉེར་བྱེད་དུ་བཅུག་པའི་རྐྱེན་གྱིས།སྡུད་སྤྱོད་བྱས་པའི་གླ་རྒྱག་ཞིང་པར་གླ་ཕོགས་ཆད་ན། མི་བཀོལ་མཁན་སྡེ་ཚན་གྱིས་གཙང་འཇལ་བྱ་དགོས་པར་མ་ཟད། ཁྲིམས་ལྟར་སྐྱིན་ཚབ་དེད་ཆོག

དོན་ཚན་ཉི་ཤུ་བ། མཉམ་གཉེར་ཁེ་ལས་དང་སྒེར་གྱི་མ་རྩ་ཁེར་འཇོག་ཁེ་ལས། ཁེར་གཉེར་དཔལ་འབྱོར་རྩ་འཛུགས་སོགས་མི་བཀོལ་མཁན་སྡེ་ཚན་གྱིས་གླ་རྒྱག་ཞིང་པར་གླ་ཕོགས་ཆད་ན། ཁྲིམས་ལྟར་གཙང་འཇལ་བྱ་དགོས། གཙང་འཇལ་བྱེད་མ་བྱས་ན། མ་དངུལ་འཇོག་མཁན་གྱིས་ཁྲིམས་ལྟར་གཙང་འཇལ་བྱ་དགོས།
       དོན་ཚན་ཉེར་གཅིག་པ། མི་བཀོལ་མཁན་སྡེ་ཚན་དེ་ཟླ་སྒྲིལ་དང་ཡང་ན་ཁ་གྱེས་ཟུར་འཛུགས་བྱ་དགོས་ན། ཟླ་སྒྲིལ་དང་ཡང་ན་ཁ་གྱེས་ཟུར་འཛུགས་མ་བྱས་གོང་དུ་གླ་རྒྱག་ཞིང་པར་ཆད་པའི་གླ་ཕོགས་རྣམས་ཁྲིམས་ལྟར་གཙང་འཇལ་བྱ་དགོས། གླ་རྒྱག་ཞིང་པར་ཡིག་ཐོག་ནས་གྲོས་མཐུན་བཞག་ཡོད་ན། ཟླ་སྒྲིལ་དང་ཡང་ན་ཁ་གྱེས་ཟུར་འཛུགས་བྱས་རྗེས་དེའི་ཁེ་དབང་དང་འོས་འགན་ཤུལ་འཛིན་བྱས་པའི་མི་བཀོལ་མཁན་སྡེ་ཚན་གྱིས་གཙང་འཇལ་བྱ་དགོས།

དོན་ཚན་ཉེར་གཉིས་པ། མི་བཀོལ་མཁན་སྡེ་ཚན་གྱི་ལས་གཉེར་ལག་ཁྱེར་རམ་ཐོ་འགོད་ལག་ཁྱེར་ཁྲིམས་ལྟར་ཕྱིར་བསྡུས་པ་དང་། སྒོ་རྒྱག་ཏུ་བཅུག་པ།ཕྱིར་འཐེན་པའམ་ཡང་ན་ཁྲིམས་ལྟར་ཁ་གཏོར་བཏང་བ་ཡིན་ན། ཐོ་ཁོངས་ནས་བསུབ་རྒྱུའི་རེ་འདུན་མ་ཞུས་གོང་དུ་གླ་རྒྱག་ཞིང་པར་ཆད་པའི་གླ་ཕོགས་ཁྲིམས་ལྟར་གཙང་འཇལ་བྱ་དགོས།གོང་གསལ་ནང་གསེས་དོན་ཚན་གྱི་གཏན་འབེབས་ལྟར་གླ་རྒྱག་ཞིང་པའི་གླ་ཕོགས་གཙང་འཇལ་མ་བྱས་པའི་མི་བཀོལ་མཁན་སྡེ་ཚན་གྱི་མ་དངུལ་གཏོང་མཁན་གཙོ་བོས་མི་བཀོལ་མཁན་སྡེ་ཚན་གསར་པར་ཐོ་འགོད་མ་བྱས་གོང་དུ་གླ་རྒྱག་ཞིང་པར་ཆད་པའི་གླ་ཕོགས་གཙང་འཇལ་བྱ་དགོས།

ལེའུ་བཞི་བ། ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་དམིགས་བསལ་གཏན་འབེབས།

དོན་ཚན་ཉེར་གསུམ་པ། འཛུགས་སྐྲུན་སྡེ་ཚན་གྱིས་ཨར་ལས་ཀྱི་དགོས་མཁོ་སྐོང་ཐུབ་པའི་མ་དངུལ་བཀོད་སྒྲིག་བྱ་དགོས། ཨར་ལས་ཀྱི་དགོས་མཁོ་སྐོང་བའི་མ་དངུལ་བཀོད་སྒྲིག་བྱས་མེད་ན། ལས་གྲྭའི་འཛུགས་སྐྲུན་ལས་གཞི་ལས་འགོ་རྩོམ་མི་ཆོག་ལ། ཁྲིམས་ལྟར་ཨར་ལས་བསྒྲུབས་འཐུས་ཀྱི་འཁྲོལ་འཛིན་ལེན་དགོས་བྱུང་ན། འབྲེལ་ཡོད་ལས་རིགས་ཀྱི་ཨར་ལས་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་གིས་ཨར་ལས་བསྒྲུབས་འཐུས་ཀྱི་འཁྲོལ་འཛིན་མི་སྤྲོད།སྲིད་གཞུང་གི་མ་དངུལ་གཏོང་འཇོག་ལས་གཞིར་མཁོ་བའི་མ་དངུལ་ནི། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས་པ་ལས། ཨར་ལས་སྡེ་ཚན་གྱིས་མ་དངུལ་སྔ་འདོན་བྱས་ཏེ་འཛུགས་སྐྲུན་བྱས་མི་ཆོག
      དོན་ཚན་ཉེར་བཞི་བ། འཛུགས་སྐྲུན་སྡེ་ཚན་གྱིས་ཨར་ལས་སྡེ་ཚན་ལ་ལས་གྲྭའི་གྲོན་དངུལ་སྤྲོད་རྒྱུ་འགན་ལེན་བྱ་དགོས།འཛུགས་སྐྲུན་སྡེ་ཚན་དང་ཨར་ལས་སྤྱིའི་འགན་གཙང་ལེན་སྡེ་ཚན་གྱིས་ཁྲིམས་ལྟར་ཡིག་ཐོག་གི་ལས་གྲྭའི་ཨར་ལས་གན་རྒྱ་འཇོག་སྐབས། ལས་གྲྭའི་གྲོན་དངུལ་རྩིས་རྒྱག་འཁོར་ཡུན་དང། ལས་གྲྭའི་གྲོན་དངུལ་གཏོང་རིམ་བསྡོམས་རྩིས་རྒྱག་ཐབས། ལས་མིའི་གླ་ཡོན་གཏོང་སྤྲོད་ཀྱི་འཁོར་ཡུན་བཅས་ཁ་ཆད་བསྒོ་དགོས་པར་མ་ཟད། གླ་རྒྱག་ཞིང་པའི་གླ་ཕོགས་ཁ་ཚང་དུས་ཐོག་ཏུ་སྟེར་རྒྱུ་འགན་སྲུང་བྱ་དགོས་པའི་བླང་བྱ་ལྟར་ལས་མིའི་གླ་ཡོན་ཁ་ཆད་བསྒོ་དགོས། ལས་མིའི་གླ་ཡོན་གཏོང་སྤྲོད་ཀྱི་འཁོར་ཡུན་ནི་ཟླ1ལས་བརྒལ་མི་ཆོགའཛུགས་སྐྲུན་སྡེ་ཚན་དང་ཨར་ལས་སྤྱིའི་འགན་གཙང་ལེན་སྡེ་ཚན་གྱིས་ལས་གྲྭའི་ཨར་ལས་གན་རྒྱ་དེ་དཔྱད་གཞིར་ཉར་ཚགས་འོས་འཚམ་བྱ་དགོས།

དོན་ཚན་ཉེར་ལྔ་བ། ཨར་ལས་སྤྱིའི་འགན་གཙང་ལེན་སྡེ་ཚན་དང་ཁག་བགོས་འགན་གཙང་ལེན་སྡེ་ཚན་གྱིས་ཁྲིམས་ལྟར་ཡིག་ཐོག་ཁག་བགོས་འགན་གཙང་ལེན་གྱི་གན་རྒྱ་འཇོག་སྐབས། ལས་གྲྭའི་གྲོན་དངུལ་རྩིས་རྒྱག་འཁོར་ཡུན་དང་ལས་གྲྭའི་གྲོན་དངུལ་གཏོང་རིམ་བསྡོམས་རྩིས་རྒྱག་ཐབས་ཁ་ཆད་བསྒོ་དགོས།
       དོན་ཚན་ཉེར་དྲུག་པ། ཨར་ལས་སྤྱིའི་འགན་གཙང་ལེན་སྡེ་ཚན་གྱིས་འབྲེལ་ཡོད་གཏན་འབེབས་ལྟར་གླ་རྒྱག་ཞིང་པའི་གླ་ཕོགས་ཆེད་སྤྱོད་རྩིས་ཐོ་བཟོས་ནས། ལས་གྲྭ་དེའི་འཛུགས་སྐྲུན་ལས་གཞིའི་གླ་རྒྱག་ཞིང་པའི་གླ་ཕོགས་སྟེར་བར་ཆེད་སྤྱོད་བྱ་དགོས།གླ་རྒྱག་ཞིང་པའི་གླ་ཕོགས་ཆེད་སྤྱོད་རྩིས་ཐོ་བཟོ་བ་དང་སྤྱོད་པའི་འབྲེལ་ཡོད་དཔྱད་ཡིག་རྣམས་ཨར་ལས་སྤྱིའི་འགན་གཙང་ལེན་སྡེ་ཚན་གྱིས་དཔྱད་གཞིར་ཉར་ཚགས་བྱ་དགོས།

དོན་ཚན་ཉེར་བདུན་པ། དངུལ་རྩའི་ལས་ཁུངས་ཀྱིས་གླ་རྒྱག་ཞིང་པའི་གླ་ཕོགས་ཆེད་སྤྱོད་རྩིས་ཐོའི་ཞབས་ཕྱིའི་བརྒྱུད་རིམ་ཇེ་ལེགས་སུ་གཏང་དགོས་པ་དང་། གླ་རྒྱག་ཞིང་པའི་གླ་ཕོགས་ཆེད་སྤྱོད་རྩིས་ཐོའི་ནམ་རྒྱུན་གྱི་དོ་དམ་བྱ་བ་ལེགས་པོར་བསྒྲུབ་དགོས། མ་དངུལ་ཁ་ཆད་བཞག་པ་ལྟར་གཏོང་སྤྲོད་བྱས་མེད་པ་སོགས་ཀྱི་གནས་ཚུལ་མཐོང་ན། དུས་ཐོག་ཏུ་ཨར་ལས་སྤྱིའི་འགན་གཙང་ལེན་སྡེ་ཚན་ལ་བརྡ་གཏང་དགོས་པ་དང་། ཨར་ལས་སྤྱིའི་འགན་གཙང་ལེན་སྡེ་ཚན་གྱིས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་སྲིད་འཛིན་སྡེ་ཁག་དང་འབྲེལ་ཡོད་ལས་རིགས་ཀྱི་ལས་གྲྭ་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་ལ་སྙན་སེང་ཞུ་དགོས་པར་མ་ཟད། གླ་ཕོགས་ཆད་པའི་ཉེན་ཟོན་མ་ལག་ཏུ་འཇུག་དགོས།ལས་གྲྭ་ལེགས་འགྲུབ་བྱུང་ཞིང་གླ་རྒྱག་ཞིང་པར་གླ་ཕོགས་ཀྱང་ཆད་མེད་ན། ཨར་ལས་སྤྱིའི་འགན་གཙང་ལེན་སྡེ་ཚན་གྱིས་ཉིན30ཡོངས་བསྒྲགས་བྱས་རྗེས། གླ་རྒྱག་ཞིང་པའི་གླ་ཕོགས་ཆེད་སྤྱོད་རྩིས་ཐོ་བསུབ་རྒྱུའི་རེ་ཞུ་བྱེད་ཆོག་ལ། རྩིས་ཐོའི་ལྷག་དངུལ་རྣམས་ཨར་ལས་སྤྱིའི་འགན་གཙང་ལེན་སྡེ་ཚན་ལ་དབང་བ་ཡིན།
       དོན་ཚན་ཉེར་བརྒྱད་པ། ཨར་ལས་སྤྱིའི་འགན་གཙང་ལེན་སྡེ་ཚན་ནམ་ཡང་ན་ཁག་བགོས་འགན་གཙང་ལེན་སྡེ་ཚན་གྱིས་ཁྲིམས་ལྟར་སྡུད་སྤྱོད་བྱས་པའི་གླ་རྒྱག་ཞིང་པར་ངལ་རྩོལ་གན་རྒྱ་འཇོག་དགོས་པར་མ་ཟད། ལས་མིའི་དངོས་མིང་ཐོ་འགོད་བྱ་དགོས་ཤིང་། ཆ་རྐྱེན་འཛོམས་པའི་ལས་རིགས་ཀྱིས་བབ་མཚུངས་ཀྱི་དོ་དམ་ཞབས་ཕྱིའི་ཆ་འཕྲིན་ལས་སྟེགས་བརྒྱུད་ནས་ལས་མིའི་དངོས་མིང་ཐོ་འགོད་དང་དོ་དམ་བྱ་དགོས། ཨར་ལས་སྤྱིའི་འགན་གཙང་ལེན་སྡེ་ཚན་ནམ་ཡང་ན་ཁག་བགོས་འགན་གཙང་ལེན་སྡེ་ཚན་ལ་ངལ་རྩོལ་གན་རྒྱ་མ་བཞག་ཅིང་ལས་མིའི་དངོས་མིང་ཐོ་འགོད་ཀྱང་བྱས་མེད་པའི་མི་སྣ་དག་ལས་གཞིའི་ཨར་ལས་རྒྱག་ཡུལ་དངོས་སུ་འགྲོ་མི་ཆོག ཨར་ལས་སྤྱིའི་འགན་གཙང་ལེན་སྡེ་ཚན་གྱིས་ལས་གྲྭའི་ལས་གཞི་པུའུ་ལ་མི་ཤུགས་ཐོན་ཁུངས་ཆེད་གཉེར་དོ་དམ་པ་བཀོད་སྒྲིག་བྱས་ནས། ཁག་བགོས་འགན་གཙང་ལེན་སྡེ་ཚན་གྱི་ངལ་རྩོལ་ལས་མི་བཀོལ་སྤྱོད་ལ་ལྟ་སྐུལ་དང་དོ་དམ་བྱ་དགོས་པ་དང། ཨར་ལས་རྒྱག་ཡུལ་དངོས་ཀྱི་ལས་མི་བཀོལ་སྤྱོད་དང། ལས་ཞུགས་ཞིབ་བཤེར། གླ་ཕོགས་སྟེར་སྤྲོད་སོགས་ཀྱི་གནས་ཚུལ་ཁོང་དུ་ཆུད་དགོས། ཁག་བགོས་འགན་གཙང་ལེན་སྡེ་ཚན་གྱིས་བསྒྲིགས་པའི་གླ་རྒྱག་ཞིང་པའི་གླ་ཕོགས་སྟེར་སྤྲོད་རེའུ་མིག་ལ་ཞིབ་བཤེར་གཏན་འབེབས་བྱ་དགོས་ལ། ཁག་བགོས་འགན་གཙང་ལེན་སྡེ་ཚན་གྱིས་དེར་གཞོགས་འདེགས་བྱ་དགོས། ཨར་ལས་སྤྱིའི་འགན་གཙང་ལེན་སྡེ་ཚན་དང་ཁག་བགོས་འགན་གཙང་ལེན་སྡེ་ཚན་གྱིས་ལས་མི་བཀོལ་སྤྱོད་ཀྱི་དོ་དམ་སྟེགས་ཐོ་བཟོ་དགོས་པར་མ་ཟད།ལས་གྲྭ་བསྒྲུབས་ནས་གླ་ཕོགས་གཙང་སྤྲོད་བྱས་རྗེས་མ་མཐའ་ཡང་ལོ3ལ་ཉར་ཚགས་བྱ་དགོས།
       དོན་ཚན་ཉེར་དགུ་བ། འཛུགས་སྐྲུན་སྡེ་ཚན་གྱིས་གན་རྒྱའི་ནང་ཁ་ཆད་བསྒོས་པ་ལྟར་དུས་ཐོག་ཏུ་ལས་གྲྭའི་གྲོན་དངུལ་གཏོང་སྤྲོད་བྱ་དགོས་པར་མ་ཟད། ལས་མིའི་གླ་ཡོན་ཁ་ཚང་དུས་ཐོག་ཏུ་གླ་རྒྱག་ཞིང་པའི་གླ་ཕོགས་ཆེད་སྤྱོད་རྩིས་ཐོའི་ནང་དུ་གཏོང་སྤྲོད་བྱ་དགོས་པ་དང་། ཨར་ལས་སྤྱིའི་འགན་གཙང་ལེན་སྡེ་ཚན་གྱིས་དུས་ཐོག་ཏུ་གླ་རྒྱག་ཞིང་པའི་གླ་ཕོགས་ཁ་ཚང་སྟེར་བར་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་བརྒྱག་དགོས།འཛུགས་སྐྲུན་སྡེ་ཚན་གྱིས་གན་རྒྱའི་ནང་ཁ་ཆད་བསྒོས་པ་ལྟར་དུས་ཐོག་ཏུ་ལས་གྲྭའི་གྲོན་དངུལ་གཏོང་སྤྲོད་མ་བྱས་པའི་རྐྱེན་གྱིས་གླ་རྒྱག་ཞིང་པར་གླ་ཕོགས་ཆད་ན། འཛུགས་སྐྲུན་སྡེ་ཚན་གྱིས་གཙང་རྩིས་བརྒྱབ་མེད་པའི་ལས་གྲྭའི་གྲོན་དངུལ་དེ་ཚད་དུ་བཟུང་ནས་གླ་རྒྱག་ཞིང་པར་ཆད་པའི་གླ་ཕོགས་སྔ་འདོན་བྱ་དགོས།འཛུགས་སྐྲུན་སྡེ་ཚན་གྱིས་ལས་གཞི་རེ་ཚན་པར་བགོས་ནས་གླ་རྒྱག་ཞིང་པའི་གླ་ཕོགས་སྟེར་བར་འགན་སྲུང་བྱེད་པའི་མཐུན་སྦྱོར་རྐྱེན་སྲོལ་དང་གླ་ཕོགས་ཆད་པ་སྔོན་འགོག་བྱེད་པའི་རྐྱེན་སྲོལ་འཛུགས་དགོས་ལ།ཨར་ལས་སྤྱིའི་འགན་གཙང་ལེན་སྡེ་ཚན་གྱིས་ངལ་རྩོལ་ལས་མི་དོ་དམ་ཐད་ཤུགས་སྣོན་བརྒྱག་རྒྱུ་དང། གླ་རྒྱག་ཞིང་པའི་གླ་ཕོགས་སྟེར་བ་དང་འབྲེལ་བའི་འགལ་ཟླ་དང་རྩོད་གཞི་ཐག་གཅོད་འོས་འཚམ་བྱ་རྒྱུར་སྐུལ་འདེད་གཏང་དགོས། གླ་རྒྱག་ཞིང་པ་མང་པོས་མཉམ་དུ་གླ་ཕོགས་འདེད་པའི་དོན་རྐྱེན་བྱུང་ན། འཛུགས་སྐྲུན་སྡེ་ཚན་གྱིས་ཨར་ལས་སྤྱིའི་འགན་གཙང་ལེན་སྡེ་ཚན་དང་མཉམ་དུ་དུས་ཐོག་ཏུ་ཐག་གཅོད་བྱ་དགོས་པར་མ་ཟད། ལས་གཞི་བསྒྲུབ་ཡུལ་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་སྲིད་འཛིན་སྡེ་ཁག་དང་འབྲེལ་ཡོད་ལས་རིགས་ཀྱི་ལས་གྲྭ་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་ལ་འབྲེལ་ཡོད་གནས་ཚུལ་སྙན་སེང་ཞུ་དགོས།

དོན་ཚན་སུམ་ཅུ་བ། ཁག་བགོས་འགན་གཙང་ལེན་སྡེ་ཚན་གྱིས་སྡུད་སྤྱོད་བྱས་པའི་གླ་རྒྱག་ཞིང་པའི་དངོས་མིང་ལམ་ལུགས་ཀྱི་དོ་དམ་དང་གླ་ཕོགས་སྟེར་སྤྲོད་ལ་ཐད་ཀར་འགན་འཁུར་དགོས།ཨར་ལས་སྤྱིའི་འགན་གཙང་ལེན་སྡེ་ཚན་གྱིས་ཁག་བགོས་འགན་གཙང་ལེན་སྡེ་ཚན་གྱི་ངལ་རྩོལ་ལས་མི་བཀོལ་བ་དང་གླ་ཕོགས་སྟེར་བ་སོགས་ཀྱི་གནས་ཚུལ་ལ་ལྟ་སྐུལ་བྱ་དགོས།ཁག་བགོས་འགན་གཙང་ལེན་སྡེ་ཚན་གྱིས་གླ་རྒྱག་ཞིང་པར་གླ་ཕོགས་ཆད་ན། ཨར་ལས་སྤྱིའི་འགན་གཙང་ལེན་སྡེ་ཚན་གྱིས་སྔོན་ལ་གཙང་འཇལ་བྱ་དགོས་པ་དང། དེ་ནས་ཁྲིམས་ལྟར་སྐྱིན་ཚབ་བདའ་དགོས།ལས་གྲྭའི་འཛུགས་སྐྲུན་ལས་གཞི་འགན་གཙང་གཞན་སྤྲོད་བྱས་ཏེ་གླ་རྒྱག་ཞིང་པར་གླ་ཕོགས་ཆད་ན།ཨར་ལས་སྤྱིའི་འགན་གཙང་ལེན་སྡེ་ཚན་གྱིས་སྔོན་ལ་གཙང་འཇལ་བྱ་དགོས་པ་དང། དེ་ནས་ཁྲིམས་ལྟར་སྐྱིན་ཚབ་བདའ་དགོས།

དོན་ཚན་སོ་གཅིག་པ། ལས་གྲྭ་འཛུགས་སྐྲུན་གྱི་ཁྱབ་ཁོངས་སུ་ཁག་བགོས་འགན་གཙང་ལེན་སྡེ་ཚན་གྱི་གླ་རྒྱག་ཞིང་པའི་གླ་ཕོགས་དེ་ཨར་ལས་སྤྱིའི་འགན་གཙང་ལེན་སྡེ་ཚན་གྱིས་ཚབ་སྤྲོད་པར་མངགས་བཅོལ་བྱེད་པའི་ལམ་ལུགས་ཁྱབ་སྤེལ་བྱ་དགོས།ཁག་བགོས་འགན་གཙང་ལེན་སྡེ་ཚན་གྱིས་ཟླ་རེ་བཞིན་གླ་རྒྱག་ཞིང་པའི་ལས་ཚད་ལ་དཔྱད་ཞིབ་བྱེད་ཅིང་གླ་ཕོགས་སྟེར་སྤྲོད་རེའུ་མིག་བཟོ་དགོས་པ་དང། གླ་རྒྱག་ཞིང་པ་རང་ཉིད་ཀྱིས་མིང་རྟགས་བཀོད་དེ་གཏན་འཁེལ་བྱས་རྗེས། ཟླ་དེའི་ལས་གྲྭའི་འཕེལ་རིམ་སོགས་ཀྱི་གནས་ཚུལ་དང་མཉམ་དུ་ཨར་ལས་སྤྱིའི་འགན་གཙང་ལེན་སྡེ་ཚན་ལ་སྤྲད་དགོས།ཨར་ལས་སྤྱིའི་འགན་གཙང་ལེན་སྡེ་ཚན་གྱིས་ཁག་བགོས་འགན་གཙང་ལེན་སྡེ་ཚན་གྱིས་བཟོས་པའི་གླ་ཕོགས་སྟེར་སྤྲོད་རེའུ་མིག་གཞིར་བཟུང་སྟེ། གླ་རྒྱག་ཞིང་པའི་གླ་ཕོགས་ཆེད་སྤྱོད་རྩིས་ཐོ་ནས་གླ་ཕོགས་ཐད་ཀར་གླ་རྒྱག་ཞིང་པ་རང་ཉིད་ཀྱི་དངུལ་ཁང་རྩིས་ཐོའི་ནང་དུ་སྤྲོད་དགོས་པར་མ་ཟད། ཁག་བགོས་འགན་གཙང་ལེན་སྡེ་ཚན་ལ་གླ་ཕོགས་ཚབ་སྤྲོད་བྱས་པའི་དཔང་ཡིག་འདོན་སྤྲོད་བྱ་དགོས།གླ་རྒྱག་ཞིང་པའི་གླ་ཕོགས་སྟེར་བར་སྤྱོད་པའི་དངུལ་ཁང་རྩིས་ཐོ་དང་སྦྲེལ་བའི་གླ་རྒྱག་ཞིང་པ་རང་ཉིད་ཀྱི་སྤྱི་ཚོགས་འགན་སྲུང་བྱང་བུའམ་ཡང་ན་དངུལ་བྱང་དེ། མི་བཀོལ་མཁན་སྡེ་ཚན་ནམ་ཡང་ན་མི་གཞན་དག་གིས་རྒྱུ་མཚན་གང་རུང་ལ་ཁ་གཡར་ནས་བཀག་ཉར་རམ་ཡང་ན་རྣམ་པ་བསྒྱུར་ཏེ་བཀག་ཉར་བྱས་མི་ཆོག

དོན་ཚན་སོ་གཉིས་པ། ཨར་ལས་སྤྱིའི་འགན་གཙང་ལེན་སྡེ་ཚན་གྱིས་འབྲེལ་ཡོད་གཏན་འབེབས་ལྟར་གླ་ཕོགས་འགན་ལེན་མ་དངུལ་གསོག་འཇོག་བྱས་ཏེ། འགན་གཙང་ལེན་གྱི་ལས་གྲྭར་ངལ་རྩོལ་འདོན་པའི་གླ་རྒྱག་ཞིང་པ་ལ་ཆད་པའི་གླ་ཕོགས་སྟེར་བར་ཆེད་སྤྱོད་བྱ་དགོས།གླ་ཕོགས་འགན་ལེན་མ་དངུལ་ལ་ཁྱད་པར་ཅན་གྱི་གསོག་འཇོག་བྱེད་ཐབས་ལག་བསྟར་བྱ་དགོས་ཏེ།དུས་ཡུན་ངེས་ཅན་ཞིག་ཏུ་གླ་ཕོགས་ཆད་མ་མྱོང་བའི་སྡེ་ཚན་ལ་ཉུང་འཕྲི་རྩ་ཆག་གཏོང་ཐབས་སྤྱོད་པ་དང།གླ་ཕོགས་ཆད་མྱོང་བའི་སྡེ་ཚན་ལ་གསོག་འཇོག་བསྡུར་ཚད་འོས་འཚམ་གྱིས་ཇེ་མཐོར་གཏང་དགོས། གླ་ཕོགས་འགན་ལེན་མ་དངུལ་ནི་དངུལ་རྩའི་ལས་ཁུངས་ཀྱི་འགན་ཡིག་གིས་ཚབ་བྱས་ཀྱང་ཆོག གླ་ཕོགས་འགན་ལེན་མ་དངུལ་གྱི་གསོག་འཇོག་བསྡུར་ཚད་དང་། གསོག་འཇོག་བྱེད་སྟངས། ཉུང་འཕྲི་རྩ་ཆག་གཏོང་ཐབས་སོགས་བྱེ་བྲག་གི་སྒྲུབ་ཐབས་ནི།རྒྱལ་སྲིད་སྤྱི་ཁྱབ་ཁང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་སྲིད་འཛིན་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་གཏན་ལ་དབབ་དགོས།
      དོན་ཚན་སོ་གསུམ་པ། བཅའ་ཁྲིམས་ནང་དུ་ལོགས་སུ་གཏན་འབེབས་བྱས་ཡོད་ན་མ་གཏོགས། གླ་རྒྱག་ཞིང་པའི་གླ་ཕོགས་ཆེད་སྤྱོད་རྩིས་ཐོའི་མ་དངུལ་དང་གླ་ཕོགས་འགན་ལེན་མ་དངུལ་ནི་ལས་གཞི་དེ་གར་ངལ་རྩོལ་འདོན་པའི་གླ་རྒྱག་ཞིང་པར་གླ་ཕོགས་སྤྲོད་པ་ལས་གཞན་པའིི་རྒྱུ་རྐྱེན་ལ་བརྟེན་ནས་སྒོ་ཐེལ་རྒྱག་པ་དང་། བཀག་སྐྱིལ་བྱེད་པ། རྩིས་ཁོངས་སྒྱུར་བ་བཅས་བྱས་མི་ཆོག

དོན་ཚན་སོ་བཞི་བ། ཨར་ལས་སྤྱིའི་འགན་གཙང་ལེན་སྡེ་ཚན་གྱིས་ཨར་ལས་བྱ་ཡུལ་དངོས་ཀྱི་མངོན་གསལ་གྱི་གནས་སུ་ཁེ་དབང་སྲུང་སྐྱོང་གི་ཆ་འཕྲིན་བསྒྲགས་བྱང་བཙུགས་ཏེ། གཤམ་གྱི་དོན་དག་གསལ་བོར་བསྟན་དགོས་ཏེ།
       (གཅིག)འཛུགས་སྐྲུན་སྡེ་ཚན་དང་། ཨར་ལས་སྤྱིའི་འགན་གཙང་ལེན་སྡེ་ཚན་དང་དེ་གའི་ལས་གཞི་པུའུ། ཁག་བགོས་འགན་གཙང་ལེན་སྡེ་ཚན། འབྲེལ་ཡོད་ལས་རིགས་ཀྱི་ལས་གྲྭ་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག མི་ཤུགས་ཐོན་ཁུངས་ཆེད་གཉེར་དོ་དམ་པ་སོགས་གཞི་རྩའི་ཆ་འཕྲིན།

(གཉིས)ས་གནས་དེ་གའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་དང་གླ་ཕོགས་སྟེར་ཉིན་སོགས་གཞི་རྩའི་ཆ་འཕྲིན།

(གསུམ)འབྲེལ་ཡོད་ལས་རིགས་ཀྱི་ལས་གྲྭ་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་དང་ངལ་རྩོལ་འགན་སྲུང་ལྟ་ཞིབ་ཀྱི་ཞུ་གཏུག་ཐེར་འདོན་ཁ་པར། ངལ་རྩོལ་རྩོད་གླེང་བར་འདུམ་ཁྲུན་གཅོད་ཀྱི་རེ་ཞུ་ཐབས་ལམ།བཅའ་ཁྲིམས་རོགས་སྐྱོར་གྱི་རེ་ཞུ་ཐབས་ལམ། སྤྱི་པའི་བཅའ་ཁྲིམས་ཞབས་ཕྱིའི་ཐད་སྦྲེལ་ཁ་པར་སོགས་ཀྱི་ཆ་འཕྲིན།

དོན་ཚན་སོ་ལྔ་བ། འཛུགས་སྐྲུན་སྡེ་ཚན་དང་ཨར་ལས་སྤྱིའི་འགན་གཙང་ལེན་སྡེ་ཚན་བར་རམ་ཡང་ན་འགན་གཙང་ལེན་སྡེ་ཚན་དང་ཁག་བགོས་འགན་གཙང་ལེན་སྡེ་ཚན་བར་དུ་ལས་གྲྭའི་གྲངས་ཚད་དང།སྤུས་ཚད། བཟོ་སྐྲུན་མ་གནས་སོགས་ཀྱི་རྐྱེན་གྱིས་རྩོད་གཞི་བྱུང་ན། འཛུགས་སྐྲུན་སྡེ་ཚན་གྱིས་རྩོད་གཞི་ཡོད་པ་རྐྱེན་བྱས་ཏེ་སྲོལ་ཡིག་འདིའི་དོན་ཚན་ཉེར་བཞི་པའི་གཏན་འབེབས་ལྟར་ལས་གྲྭའི་གྲོན་དངུལ་ནང་གི་ལས་མིའི་གླ་ཡོན་གཏོང་སྤྲོད་མ་བྱས་ན་མི་ཆོག་ལ། ཨར་ལས་སྤྱིའི་འགན་གཙང་ལེན་སྡེ་ཚན་གྱིས་ཀྱང་རྩོད་གླེང་ཡོད་པ་རྐྱེན་བྱས་ཏེ་གཏན་འབེབས་ལྟར་གླ་ཕོགས་ཚབ་སྤྲོད་མ་བྱས་ན་མི་ཆོག

དོན་ཚན་སོ་དྲུག་པ། འཛུགས་སྐྲུན་སྡེ་ཚན་ནམ་ཡང་ན་ཨར་ལས་སྤྱིའི་འགན་གཙང་ལེན་སྡེ་ཚན་གྱིས་འཛུགས་སྐྲུན་ལས་གྲྭ་དེ་མི་སྒེར་རམ་ཡང་ན་ཁྲིམས་མཐུན་བདག་གཉེར་ཐོབ་ཐང་མེད་པའི་སྡེ་ཚན་ལ་སྒྲུབ་འགན་གཙང་སྤྲོད་དམ་ཡང་ན་ཁག་བགོས་འགན་གཙང་སྤྲོད་བྱས་པས། གླ་རྒྱག་ཞིང་པའི་གླ་ཕོགས་ཆད་ན།འཛུགས་སྐྲུན་སྡེ་ཚན་ནམ་ཡང་ན་ཨར་ལས་སྤྱིའི་འགན་གཙང་ལེན་སྡེ་ཚན་གྱིས་གཙང་འཇལ་བྱ་དགོས།སྡེ་ཚན་གཞན་དག་གམ་ཡང་ན་མི་སྒེར་གྱིས་ཨར་ལས་སྡེ་ཚན་གྱི་མིང་ཐོག་ནས་ཕྱི་ཕྱོགས་སུ་འཛུགས་སྐྲུན་ལས་གྲྭ་སྒྲུབ་འགན་གཙང་ལེན་བྱེད་པར་ཨར་ལས་སྡེ་ཚན་གྱིས་ཆོག་མཆན་བཀོད་ནས། གླ་རྒྱག་ཞིང་པར་གླ་ཕོགས་ཆད་ན། ཨར་ལས་སྡེ་ཚན་གྱིས་གཙང་འཇལ་བྱ་དགོས།

དོན་ཚན་སོ་བདུན་པ། ལས་གྲྭའི་འཛུགས་སྐྲུན་ལས་གཞི་དེ་རྒྱལ་ཁོངས་བར་སྟོང་འཆར་འགོད་དང་ལས་གྲྭ་འཛུགས་སྐྲུན་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་འགལ་ནས། གླ་རྒྱག་ཞིང་པར་གླ་ཕོགས་ཆད་ན།འཛུགས་སྐྲུན་སྡེ་ཚན་གྱིས་གཙང་འཇལ་བྱ་དགོས།
     ལེའུ་ལྔ་བ། ལྟ་སྐུལ་དང་ཞིབ་བཤེར།

དོན་ཚན་སོ་བརྒྱད་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་གླ་རྒྱག་ཞིང་པའི་གླ་ཕོགས་སྟེར་སྤྲོད་ལ་ལྟ་སྐུལ་ཚོད་འཛིན་དང་ཉེན་ཟོན་ཉེན་བརྡའི་ལས་སྟེགས་བཙུགས་ཏེ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་དང་། འཕེལ་རྒྱས་བཅོས་སྒྱུར། ཁྲིམས་འཛིན་སྲིད་འཛིན། ནོར་སྲིད། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། འགྲིམ་འགྲུལ་སྐྱེལ་འདྲེན། ཆུ་བེད་སོགས་སྡེ་ཁག་གི་ལས་གྲྭའི་ལས་གཞིར་ཞིབ་བཤེར་མཆན་འགོད་དང། མ་དངུལ་དོན་འཁྱོལ། ཨར་ལས་ཆོག་འཐུས། ངལ་རྩོལ་ལས་མི་བཀོལ་སྤྱོད། གླ་ཕོགས་སྟེར་སྤྲོད་སོགས་ཀྱི་ཆ་འཕྲིན་དུས་ཐོག་ཏུ་མཉམ་སྤྱོད་ཐུབ་པ་མངོན་འགྱུར་བྱ་དགོས།མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་སྲིད་འཛིན་སྡེ་ཁག་གིས་ཆུ་དང་གློག་དང་སོལ་རླངས་མཁོ་འདོན་དང་། སྡེ་ལས་དོ་དམ། ཡིད་རྟོན་དངུལ་བུན།ཁྲལ་སྡུད་སོགས་ཀྱི་ཐད་ནས་ཁེ་ལས་ཀྱི་ཐོན་སྐྱེད་བདག་གཉེར་མཚོན་ཐུབ་པའི་འབྲེལ་ཡོད་དམིགས་ཚད་ཀྱི་འགྱུར་ལྡོག་གནས་ཚུལ་ལ་གཞིགས་ཏེ། གླ་ཕོགས་སྟེར་སྤྲོད་ཀྱི་མངོན་མེད་རྐྱེན་ངན་ལ་ལྟ་སྐུལ་ཚོད་འཛིན་དང་ཉེན་ཟོན་ཉེན་བརྡ་གཏོང་ཞིང་སྔོན་འགོག་བྱ་བ་ལེགས་པར་བསྒྲུབ་དགོས་པ་དང་། ཁྲོམ་ར་ལྟ་སྐུལ་དོ་དམ་དང་།དངུལ་རྩ་ལྟ་སྐུལ་དོ་དམ། ཁྲལ་དོན་སོགས་སྡེ་ཚན་གྱིས་གཞོགས་འདེགས་བྱ་དགོས།

དོན་ཚན་སོ་དགུ་བ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་སྲིད་འཛིན་སྡེ་ཁག་དང།འབྲེལ་ཡོད་ལས་རིགས་ཀྱི་ལས་གྲྭ་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་དང། འབྲེལ་ཡོད་སྡེ་ཁག་གཞན་དག་གིས་རང་རང་གི་འགན་འཁྲི་ལྟར། མི་བཀོལ་མཁན་སྡེ་ཚན་གྱིས་གླ་རྒྱག་ཞིང་པ་དང་ངལ་རྩོལ་གན་རྒྱ་འཇོག་པ་དང་གླ་ཕོགས་སྟེར་བ། དེ་བཞིན་ལས་གྲྭའི་འཛུགས་སྐྲུན་ལས་གཞིར་གླ་རྒྱག་ཞིང་པའི་དངོས་མིང་ལམ་ལུགས་ལྟར་དོ་དམ་བྱེད་པ་དང། གླ་རྒྱག་ཞིང་པའི་གླ་ཕོགས་ཆེད་སྤྱོད་རྩིས་ཐོར་དོ་དམ་བྱེད་པ། ཨར་ལས་སྤྱིའི་འགན་གཙང་ལེན་སྡེ་ཚན་གྱིས་གླ་ཕོགས་ཚབ་སྤྲོད་བྱེད་པ། གླ་ཕོགས་འགན་ལེན་མ་དངུལ་གསོག་འཇོག་བྱེད་པ། དབང་སྲུང་ཆ་འཕྲིན་ཡོངས་བསྒྲགས་བྱེད་པ་སོགས་ཀྱི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པར་ཤུགས་སྣོན་བརྒྱབ་ནས་གླ་རྒྱག་ཞིང་པར་གླ་ཕོགས་ཆད་པའི་བྱ་སྤྱོད་འབྱུང་བ་སྔོན་འགོག་དང་ཉུང་འཕྲི་བྱ་དགོས།
      དོན་ཚན་བཞི་བཅུ་བ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་སྲིད་འཛིན་སྡེ་ཁག་གིས་གླ་རྒྱག་ཞིང་པར་གླ་ཕོགས་ཆད་པའི་གྱོད་གཞི་རྩད་གཅོད་བྱེད་སྐབས། འབྲེལ་ཡོད་སྡེ་ཁག་གི་དངུལ་རྩའི་རྩིས་ཐོ་དང་འབྲེལ་ཡོད་དོ་བདག་གི་ཁང་པ་དང་རླངས་འཁོར་སོགས་ཀྱི་གནས་ཚུལ་ཁྲིམས་ལྟར་འདྲི་རྟོག་བྱ་དགོས་ན།ཆུས་བཙུགས་པའི་གྲོང་ཁྱེར་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་སྲིད་འཛིན་སྡེ་ཁག་གི་འགན་འཁུར་པས་ཆོག་མཆན་འགོད་དགོས་པ་དང་། འབྲེལ་ཡོད་དངུལ་རྩའི་ལས་ཁུངས་དང་ཐོ་འགོད་སྡེ་ཁག་གིས་གཞོགས་འདེགས་བྱ་དགོས།
      དོན་ཚན་ཞེ་གཅིག་པ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་སྲིད་འཛིན་སྡེ་ཁག་གིས་གླ་རྒྱག་ཞིང་པར་གླ་ཕོགས་ཆད་པའི་གྱོད་གཞི་རྩད་གཅོད་བྱེད་སྐབས། མི་བཀོལ་མཁན་སྡེ་ཚན་གྱིས་བརྟག་དཔྱད་ལ་གཞོགས་འདེགས་མི་བྱེད་པ་དང་། གཙང་འཇལ་བྱེད་འགན་འཁུར་མཁན་གཙོ་བོ་དང་འབྲེལ་ཡོད་དོ་བདག་ལ་འབྲེལ་བ་བྱེད་ཐབས་བྲལ་བ་སོགས་ཀྱི་གནས་ཚུལ་བྱུང་ན། སྤྱི་བདེ་ལས་ཁུངས་དང་འབྲེལ་ཡོད་སྡེ་ཁག་གཞན་དག་ལ་ཐག་གཅོད་བྱེད་རོགས་ཞུས་ཆོགམི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་སྲིད་འཛིན་སྡེ་ཁག་གིས་གླ་རྒྱག་ཞིང་པར་གླ་ཕོགས་ཆད་པའི་ཁྲིམས་འགལ་བྱ་སྤྱོད་དེ་ངལ་རྩོལ་ཐོབ་ཆ་མི་སྤྲོད་པའི་ནག་ཉེས་སུ་གྱུར་པའི་དོགས་པ་ཡོད་པ་ཤེས་ན། འབྲེལ་ཡོད་གཏན་འབེབས་ལྟར་དུས་ཐོག་ཏུ་སྤྱི་བདེ་ལས་ཁུངས་ལ་བསྐྱལ་ནས་ཞིབ་བཤེར་དང་ཐག་གཅོད་བྱེད་དུ་གཞུག་དགོས།
       དོན་ཚན་ཞེ་གཉིས་པ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་སྲིད་འཛིན་སྡེ་ཁག་གིས་ཆོད་དོན་བསྒྲགས་ནས་གླ་རྒྱག་ཞིང་པར་ཆད་པའི་གླ་ཕོགས་སྟེར་དགོས་པའི་བཀའ་ཕབ་ཀྱང། འབྲེལ་ཡོད་སྡེ་ཚན་གྱིས་མ་སྟེར་ན། ཁྲིམས་ལྟར་མི་དམངས་ཁྲིམས་ཁང་ལ་བཙན་ཤེད་ཀྱིས་ལག་བསྟར་བྱེད་པའི་རེ་ཞུ་བཏོན་ཆོག
       དོན་ཚན་ཞེ་གསུམ་པ། འབྲེལ་ཡོད་ལས་རིགས་ཀྱི་ལས་གྲྭ་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་གིས་ཁྱབ་ཁོངས་དེ་གའི་འཛུགས་སྐྲུན་ཁྲོམ་རའི་སྒྲིག་ལམ་ཁྲིམས་ལྟར་ཚད་ལྡན་དུ་བཏང་ནས། ཁྲིམས་འགལ་གྱིས་སྒྲུབ་འགན་གཙང་སྤྲོད་དང་འགན་གཙང་གཞན་སྤྲོད་བྱེད་པ་དང་། ཁྲིམས་འགལ་གྱིས་ཁག་བགོས་འགན་གཙང་ལེན་བྱེད་པ། ཟུར་བརྟེན་བགྱིད་པ་སོགས་ཀྱི་བྱ་སྤྱོད་རྩད་གཅོད་བྱ་དགོས་པར་མ་ཟད། གླ་རྒྱག་ཞིང་པའི་གླ་ཕོགས་ཆད་དུ་འཇུག་པའི་ཁྲིམས་འགལ་བྱ་སྤྱོད་དུས་ཐོག་ཏུ་བཀག་འགོག་དང་ཡོ་བསྲང་བྱ་དགོས།

དོན་ཚན་ཞེ་བཞི་བ། ནོར་སྲིད་སྡེ་ཁག་དང་རྩིས་བཤེར་ལས་ཁུངས། འབྲེལ་ཡོད་ལས་རིགས་ཀྱི་ལས་གྲྭ་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་བཅས་ཀྱིས་རང་རང་གི་འགན་འཁྲི་ལྟར་སྲིད་གཞུང་གི་མ་དངུལ་གཏོང་འཇོག་ལས་གཞིའི་འཛུགས་སྐྲུན་སྡེ་ཚན་གྱིས་ལས་གྲྭའི་ཨར་ལས་གན་རྒྱའི་ཁ་ཆད་ལྟར་གླ་རྒྱག་ཞིང་པའི་གླ་ཕོགས་ཆེད་སྤྱོད་རྩིས་ཐོའི་ནང་མ་དངུལ་གཏོང་སྤྲོད་བྱེད་པའི་གནས་ཚུལ་ལ་ཁྲིམས་ལྟར་ལྟ་སྐུལ་བྱ་དགོས།
       དོན་ཚན་ཞེ་ལྔ་བ། ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་དང་བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་ཀྱིས་གླ་རྒྱག་ཞིང་པ་རྣམས་བཅའ་ཁྲིམས་རོགས་སྐྱོར་བྱ་ཡུལ་གཙོ་བོར་འཇོག་དགོས་པར་མ་ཟད། གླ་ཕོགས་སྟེར་དགོས་པའི་རེ་བ་ཞུ་བའི་གླ་རྒྱག་ཞིང་པར་བཅའ་ཁྲིམས་རོགས་སྐྱོར་གང་བདེ་འདོན་སྤྲོད་བྱ་དགོས།སྤྱི་པའི་བཅའ་ཁྲིམས་ཞབས་ཕྱིའི་འབྲེལ་ཡོད་ལས་ཁུངས་ནི་འབྲེལ་ཡོད་ཀྱི་གཏུག་བཤེར་དང། བློ་འདྲི། བར་འདུམ་སོགས་ཀྱི་བྱེད་སྒོར་ཧུར་ཐག་གིས་ཞུགས་ནས་གླ་རྒྱག་ཞིང་པར་གླ་ཕོགས་ཆད་པའི་གནད་དོན་ཐག་གཅོད་པར་རོགས་རམ་བྱ་དགོས།
       དོན་ཚན་ཞེ་དྲུག་པ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་སྲིད་འཛིན་སྡེ་ཁག་དང།འབྲེལ་ཡོད་ལས་རིགས་ཀྱི་ལས་གྲྭ་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གཞན་དག་བཅས་ཀྱིས“སུས་ཁྲིམས་བསྟར་དགོས་ན་དེས་ཁྲིམས་ཁྱབ་གདལ་གཏོང་བའི”བཅའ་ཁྲིམས་ཁྱབ་གདལ་གྱི་འགན་འཁྲིའི་ལམ་ལུགས་ཀྱི་བླང་བྱ་ལྟར། གྱོད་གཞིར་བརྟེན་ནས་བཅའ་ཁྲིམས་འགྲེལ་བཤད་རྒྱག་པ་སོགས་ཀྱི་རྣམ་པ་མི་འདྲ་བ་མང་པོ་བརྒྱུད་དེ། གླ་རྒྱག་ཞིང་པའི་གླ་ཕོགས་སྟེར་བར་འགན་སྲུང་བྱེད་པའི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁྱབ་གདལ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏང་དགོས།
      དོན་ཚན་ཞེ་བདུན་པ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་སྲིད་འཛིན་སྡེ་ཁག་གིས་མི་བཀོལ་མཁན་སྡེ་ཚན་དང་འབྲེལ་ཡོད་ཀྱི་འགན་འཁུར་མཁན་ལ་ངལ་རྩོལ་འགན་སྲུང་སྐོར་གྱི་ཁྲིམས་བརྩི་ཡིད་རྟོན་ཀྱི་ཡིག་ཚགས་བཟོ་བ་དང་། མི་བཀོལ་མཁན་སྡེ་ཚན་ལ་ཁྲིམས་བརྩི་ཡིད་རྟོན་ཀྱི་རིམ་པ་འབྱེད་པར་གདེང་འཇོག་བྱ་དགོས།མི་བཀོལ་མཁན་སྡེ་ཚན་ལ་གླ་རྒྱག་ཞིང་པར་གླ་ཕོགས་ཆད་པའི་ཁྲིམས་འགལ་བྱ་སྤྱོད་ཚབས་ཆེན་ཡོད་ན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་སྲིད་འཛིན་སྡེ་ཁག་གིས་སྤྱི་ཚོགས་ཡོངས་ལ་བསྒྲག་དགོས་པ་དང། དགོས་ངེས་ཡོད་ན་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་འཚོགས་པ་སོགས་ཀྱི་རྣམ་པ་བརྒྱུད་ནས་སྨྱན་སྦྱོར་ལ་མངོན་གསལ་དུ་བསྒྲགས་ནས་དམར་འདོན་བྱ་དགོས།

དོན་ཚན་ཞེ་བརྒྱད་པ། མི་བཀོལ་མཁན་སྡེ་ཚན་གྱིས་གླ་རྒྱག་ཞིང་པའི་གླ་ཕོགས་ཆད་ནས་གནས་ཚུལ་ཚབས་ཆེན་དུ་གྱུར་པའམ་ཡང་ན་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་ཚབས་ཆེན་བཟོས་ན། འབྲེལ་ཡོད་སྡེ་ཁག་གིས་མི་བཀོལ་མཁན་སྡེ་ཚན་དེ་དང་། དེའི་ཁྲིམས་བཀོད་འཐུས་ཚབ་པའམ་ཡང་ན་འགན་འཁུར་པ་གཙོ་བོ། ཐད་ཀར་འགན་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཐད་ཀར་འགན་འཁུར་བའི་མི་སྣ་གཞན་དག་བཅས་གླ་རྒྱག་ཞིང་པའི་གླ་ཕོགས་ཆད་པའི་དབང་གིས་ཡིད་རྟོན་ཤོར་བར་མཉམ་འབྲེལ་ཆད་གཅོད་བསླབ་འདོམས་བྱ་ཡུལ་གྱི་མིང་ཐོའི་ནང་འཇུག་དགོས་ཤིང། སྲིད་གཞུང་གི་མ་དངུལ་རྒྱབ་སྐྱོར་དང། སྲིད་གཞུང་གི་ཉོ་སྒྲུབ། དམིགས་འགུགས་དམིགས་འཇོག དངུལ་བསྡུ་དངུལ་བུན། ཁྲོམ་རར་ཞུགས་འཐུས། ཁྲལ་སྡུད་གཟིགས་སྐྱོང། ཕུལ་བྱུང་སྔོན་ཐོན་འདེམས་བསྐོ། འགྲིམ་འགྲུལ་ཕྱིར་སྐྱོད་སོགས་ཀྱི་ཐད་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཚོད་འཛིན་བྱ་དགོས།གླ་རྒྱག་ཞིང་པའི་གླ་ཕོགས་ཆད་ནས་ཡིད་རྟོན་ཤོར་བའི་མཉམ་འབྲེལ་ཆད་གཅོད་བསླབ་འདོམས་བྱ་ཡུལ་གྱི་མིང་ཐོའི་ནང་འཇུག་དགོས་པའི་གནས་ཚུལ་ཞིབ་ཕྲ་དག་ནི། རྒྱལ་སྲིད་སྤྱི་ཁྱབ་ཁང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་སྲིད་འཛིན་སྡེ་ཁག་གིས་གཏན་ལ་དབབ་དགོས།

དོན་ཚན་ཞེ་དགུ་བ། འཛུགས་སྐྲུན་སྡེ་ཚན་གྱིས་ཁྲིམས་ལྟར་ལས་གྲྭའི་གྲོན་དངུལ་སྤྲོད་རྒྱུ་འགན་ལེན་མ་བྱས་པའམ་ཡང་ན་སྲིད་གཞུང་གི་མ་དངུལ་གཏོང་འཇོག་ལས་གཞི་ཡིས་ལས་གྲྭའི་གྲོན་དངུལ་ཆད་པའི་རྐྱེན་གྱིས་གླ་རྒྱག་ཞིང་པའི་གླ་ཕོགས་ཆད་ན། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་དེའི་གསར་སྐྲུན་ལས་གཞི་ལ་ཚོད་འཛིན་བྱ་དགོས་པར་མ་ཟད། ཡིད་རྟོན་ཟིན་ཐོར་བཀོད་དེ་རྒྱལ་ཁབ་ཀྱི་ཡིད་རྟོན་ཆ་འཕྲིན་མ་ལག་ནང་ནས་ཡོངས་བསྒྲགས་བྱ་དགོས།དོན་ཚན་ལྔ་བཅུ་བ། གླ་རྒྱག་ཞིང་པ་དང་མི་བཀོལ་མཁན་སྡེ་ཚན་བར་གླ་ཕོགས་ཆད་པའི་ཐད་ནས་རྩོད་གཞི་བྱུང་ན། མི་བཀོལ་མཁན་སྡེ་ཚན་གྱིས་ཁྲིམས་ལྟར་རང་གིས་ཉར་ཚགས་བྱས་པའི་ངལ་རྩོལ་གན་རྒྱ་དང་། ལས་བཟོ་པའི་མིང་ཐོ། གླ་ཕོགས་སྟེར་སྤྲོད་ཀྱི་སྟེགས་ཐོ་དང་གསལ་ཐོ་སོགས་དཔྱད་ཡིག་འདོན་སྤྲོད་བྱ་དགོས་པ་དང་། འདོན་སྤྲོད་མ་བྱས་ན་ཁྲིམས་ལྟར་མཇུག་འབྲས་མི་ལེགས་པ་འཁུར་དགོས།

དོན་ཚན་ང་གཅིག་པ། བཟོ་ཚོགས་ཀྱིས་ཁྲིམས་ལྟར་གླ་རྒྱག་ཞིང་པའི་གླ་ཕོགས་ཁེ་དབང་སྲུང་སྐྱོང་དང། མི་བཀོལ་མཁན་སྡེ་ཚན་གྱི་གླ་ཕོགས་སྟེར་ཚུལ་ལ་ལྟ་སྐུལ་བྱ་དགོས། གླ་རྒྱག་ཞིང་པར་གླ་ཕོགས་ཆད་པའི་གནས་ཚུལ་མཐོང་ན། མི་བཀོལ་མཁན་སྡེ་ཚན་ལ་ཡོ་བསྲང་བྱ་དགོས་པའི་བླང་བྱ་འདོན་ཆོག་པ་དང་། ཡོ་བསྲང་མ་བྱས་ན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་སྲིད་འཛིན་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གཞན་དག་ལ་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུའི་རེ་བ་འདོན་ཆོག
       དོན་ཚན་ང་གཉིས་པ། སྡེ་ཚན་གང་དང་མི་སུ་ཞིག་གིས་དོན་དངོས་རྫུན་བཟོ་བྱས་པའམ་ཡང་ན་ཁྲིམས་འགལ་གྱི་ཐབས་ལ་བརྟེན་ནས་གླ་རྒྱག་ཞིང་པའི་གླ་ཕོགས་དེད་པ་དང། ཡང་ན་གླ་རྒྱག་ཞིང་པའི་གླ་ཕོགས་ཆད་པ་ལ་ཁ་གཡར་ནས་ལས་གྲྭའི་གྲོན་དངུལ་དེད་ན། ཁྲིམས་ལྟར་ཐག་གཅོད་བྱ་དགོས།
   ལེའུ་དྲུག་པ། ཁྲིམས་འབྲེལ་འགན་འཁུར།
      དོན་ཚན་ང་གསུམ་པ། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ནས་གླ་རྒྱག་ཞིང་པར་གླ་ཕོགས་ཆད་པ་དག་ལ། འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ཐག་གཅོད་བྱ་དགོས།
       དོན་ཚན་ང་བཞི་བ། གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་སྲིད་འཛིན་སྡེ་ཁག་གིས་བཀའ་བཀོད་གནང་སྟེ་དུས་བཀག་ནང་ཡོ་བསྲང་བྱེད་དུ་གཞུག་དགོས། དུས་འགྱངས་ཀྱང་ཡོ་བསྲང་མ་བྱས་ན། སྡེ་ཚན་ལ་སྒོར་ཁྲི2ཡན་ནས་སྒོར་ཁྲི5མན་གྱི་དངུལ་ཆད་གཅོད་པ་དང་། ཁྲིམས་བཀོད་འཐུས་ཚབ་པའམ་ཡང་ན་འགན་འཁུར་པ་གཙོ་བོ་དང་ཐད་ཀར་འགན་འཁུར་བའི་གཙོ་སྐྱོང་མི་སྣ། ཐད་ཀར་འགན་འཁུར་བའི་མི་སྣ་བཅས་ལ་སྒོར་ཁྲི1ཡན་ནས་སྒོར་ཁྲི3མན་གྱི་དངུལ་ཆད་གཅོད་དགོས།
        (གཅིག)དངོས་པོ་དང་རིན་ལྡན་འཛིན་ཤོག་སོགས་ཀྱིས་དངུལ་ལོར་གྱི་ཚབ་བྱས་ནས་གླ་རྒྱག་ཞིང་པའི་གླ་ཕོགས་སྟེར་བ།
        (གཉིས)གླ་ཕོགས་སྟེར་སྤྲོད་ཀྱི་སྟེགས་ཐོ་བཟོས་ཏེ་ཁྲིམས་ལྟར་ཉར་ཚགས་བྱས་མེད་པའམ་ཡང་ན་གླ་རྒྱག་ཞིང་པའི་གླ་ཕོགས་གསལ་ཐོ་འདོན་སྤྲོད་བྱས་མེད་པ།

 (གསུམ)གླ་རྒྱག་ཞིང་པའི་གླ་ཕོགས་སྟེར་བར་སྤྱོད་པའི་དངུལ་ཁང་རྩིས་ཐོ་དང་སྦྲེལ་བའི་གླ་རྒྱག་ཞིང་པ་རང་ཉིད་ཀྱི་སྤྱི་ཚོགས་འགན་སྲུང་བྱང་བུའམ་ཡང་ན་དངུལ་བྱང་བཀག་ཉར་རམ་ཡང་ན་རྣམ་པ་བསྒྱུར་ཏེ་བཀག་ཉར་བྱས་པ།

དོན་ཚན་ང་ལྔ་བ། གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་སྲིད་འཛིན་སྡེ་ཁག་དང་འབྲེལ་ཡོད་ལས་རིགས་ཀྱི་ལས་གྲྭ་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་གིས་རང་རང་གི་འགན་འཁྲི་ལྟར་བཀའ་བཀོད་གནང་སྟེ་དུས་བཀག་ནང་ཡོ་བསྲང་བྱེད་དུ་གཞུག་དགོས། དུས་འགྱངས་ཀྱང་ཡོ་བསྲང་མ་བྱས་ན། བཀའ་བཀོད་གནང་སྟེ་ལས་གཞིའི་ལས་མཚམས་འཇོག་ཏུ་འཇུག་དགོས་པར་མ་ཟད། སྒོར་ཁྲི5ཡན་ནས་སྒོར་ཁྲི10མན་གྱི་དངུལ་ཆད་ཀྱང་གཅད་དགོས། གནས་ཚུལ་ཚབས་ཆེན་ཡིན་ན། ཨར་ལས་སྡེ་ཚན་ལ་ལས་གྲྭ་གསར་པ་དང་དུ་ལེན་པར་ཚོད་འཛིན་བྱེད་པ་དང་། ཐོབ་ཐང་རིམ་པ་ཇེ་དམའ་རུ་གཏོང་བ། ཐོབ་ཐང་དཔང་ཡིག་རྩིས་མེད་བཟོ་བ་སོགས་ཀྱི་ཆད་གཅོད་བྱ་དགོས།
       (གཅིག)ར་ལས་སྤྱིའི་འགན་གཙང་ལེན་སྡེ་ཚན་གྱིས་གཏན་འབེབས་ལྟར་གླ་རྒྱག་ཞིང་པའི་གླ་ཕོགས་ཆེད་སྤྱོད་རྩིས་ཐོ་བཟོས་མེད་པའམ་ཡང་ན་བེད་སྤྱོད་བཏང་མེད་པ།
       (གཉིས)ཨར་ལས་སྤྱིའི་འགན་གཙང་ལེན་སྡེ་ཚན་གྱི་གཏན་འབེབས་ལྟར་གླ་ཕོགས་འགན་ལེན་མ་དངུལ་གསོག་འཇོག་བྱས་མེད་པའམ་ཡང་ན་དངུལ་རྩའི་ལས་ཁུངས་ཀྱི་འགན་ཡིག་འདོན་སྤྲོད་བྱས་མེད་པ།
       (གསུམ)ཨར་ལས་སྤྱིའི་འགན་གཙང་ལེན་སྡེ་ཚན་དང་ཁག་བགོས་འགན་གཙང་ལེན་སྡེ་ཚན་གྱིས་རང་གི་ངལ་རྩོལ་ལས་མི་ལ་དངོས་མིང་ལམ་ལུགས་ལྟར་དོ་དམ་བྱས་མེད་པ།

དོན་ཚན་ང་དྲུག་པ། གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་སྲིད་འཛིན་སྡེ་ཁག་དང་འབྲེལ་ཡོད་ལས་རིགས་ཀྱི་ལས་གྲྭ་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་གིས་རང་རང་གི་འགན་འཁྲི་ལྟར་བཀའ་བཀོད་གནང་སྟེ་དུས་བཀག་ནང་ཡོ་བསྲང་བྱེད་དུ་གཞུག་དགོས།དུས་འགྱངས་ཀྱང་ཡོ་བསྲང་མ་བྱས་ན། སྒོར་ཁྲི5ཡན་ནས་སྒོར་ཁྲི10མན་གྱི་དངུལ་ཆད་གཅད་དགོས།
      (གཅིག)ཁག་བགོས་འགན་གཙང་ལེན་སྡེ་ཚན་ནས་ཟླ་རེ་བཞིན་གླ་རྒྱག་ཞིང་པའི་ལས་ཚད་ལ་དཔྱད་ཞིབ་བྱས་མེད་པ་དང་གླ་ཕོགས་སྟེར་སྤྲོད་རེའུ་མིག་བཟོས་མེད་པར་མ་ཟད། གླ་རྒྱག་ཞིང་པ་རང་ཉིད་ཀྱིས་མིང་རྟགས་བཀོད་དེ་གཏན་འཁེལ་བྱས་མེད་པ།
      (གཉིས)ཨར་ལས་སྤྱིའི་འགན་གཙང་ལེན་སྡེ་ཚན་གྱིས་ཁག་བགོས་ནས་སྒྲུབ་འགན་གཙང་ལེན་སྡེ་ཚན་གྱི་ངལ་རྩོལ་ལས་མི་བཀོལ་སྤྱོད་ལ་ལྟ་སྐུལ་དོ་དམ་བྱས་མེད་པ།

(གསུམ)ཁག་བགོས་འགན་གཙང་ལེན་སྡེ་ཚན་གྱིས་ཨར་ལས་སྤྱིའི་འགན་གཙང་ལེན་སྡེ་ཚན་གྱིས་རང་གི་ངལ་རྩོལ་ལས་མི་བཀོལ་སྤྱོད་ལ་ལྟ་སྐུལ་དང་དོ་དམ་བྱེད་པར་གཞོགས་འདེགས་བྱས་མེད་པ།
       (བཞི)ཨར་ལས་སྤྱིའི་འགན་གཙང་ལེན་སྡེ་ཚན་གྱིས་ཨར་ལས་བྱ་ཡུལ་དངོས་སུ་ཁེ་དབང་སྲུང་སྐྱོང་གི་ཆ་འཕྲིན་ཡོངས་བསྒྲགས་ལམ་ལུགས་ལག་བསྟར་བྱས་མེད་པ།
     དོན་ཚན་ང་བདུན་པ། གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་སྲིད་འཛིན་སྡེ་ཁག་དང་འབྲེལ་ཡོད་ལས་རིགས་ཀྱི་ལས་གྲྭ་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་གིས་རང་རང་གི་འགན་འཁྲི་ལྟར་བཀའ་བཀོད་གནང་སྟེ་དུས་བཀག་ནང་ཡོ་བསྲང་བྱེད་དུ་གཞུག་དགོས། དུས་འགྱངས་ཀྱང་ཡོ་བསྲང་མ་བྱས་ན། བཀའ་བཀོད་གནང་སྟེ་ལས་གཞིའི་ལས་མཚམས་འཇོག་ཏུ་འཇུག་དགོས་པར་མ་ཟད། སྒོར་ཁྲི5ཡན་ནས་སྒོར་ཁྲི10མན་གྱི་དངུལ་ཆད་ཀྱང་གཅད་དགོས།

(གཅིག)འཛུགས་སྐྲུན་སྡེ་ཚན་གྱིས་ཁྲིམས་ལྟར་ལས་གྲྭའི་གྲོན་དངུལ་སྤྲོད་རྒྱུར་འགན་ལེན་མ་བྱས་པ།
        (གཉིས)འཛུགས་སྐྲུན་སྡེ་ཚན་གྱིས་ཁ་ཆད་ལྟར་གླ་རྒྱག་ཞིང་པའི་གླ་ཕོགས་ཆེད་སྤྱོད་རྩིས་ཐོ་རུ་ལས་གྲྭའི་གྲོན་དངུལ་ནང་གི་ལས་མིའི་གླ་ཡོན་ཁ་ཚང་དུས་ཐོག་ཏུ་གཏོང་སྤྲོད་མ་བྱས་པ།

(གསུམ)འཛུགས་སྐྲུན་སྡེ་ཚན་ནམ་ཡང་ན་ཨར་ལས་སྤྱིའི་འགན་གཙང་ལེན་སྡེ་ཚན་གྱིས་ལས་གྲྭའི་ཨར་ལས་གན་རྒྱ་དང་གླ་རྒྱག་ཞིང་པའི་གླ་ཕོགས་ཆེད་སྤྱོད་རྩིས་ཐོའི་འབྲེལ་ཡོད་དཔྱད་ཡིག་འདོན་སྤྲོད་མ་བྱས་པའམ་ཡང་ན་མཁོ་འདོན་བྱེད་མི་ཐུབ་པ།

དོན་ཚན་ང་བརྒྱད་པ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་སྲིད་འཛིན་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཚན་གྱི་དངུལ་རྩའི་རྩིས་ཐོ་འདྲི་རྟོག་བྱེད་པར་ཁྲིམས་ལྟར་གཞོགས་འདེགས་མ་བྱས་ན། དངུལ་རྩའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་བཀའ་བཀོད་གནང་སྟེ་ཡོ་བསྲང་བྱེད་དུ་གཞུག་དགོས་པ་དང། ཡོ་བསྲང་མ་བྱས་ན། སྒོར་ཁྲི2ཡན་ནས་སྒོར་ཁྲི5མན་གྱི་དངུལ་ཆད་གཅད་དགོས།

དོན་ཚན་ང་དགུ་བ། སྲིད་གཞུང་གི་མ་དངུལ་གཏོང་འཇོག་ལས་གཞི་ལ་སྲིད་གཞུང་གི་གཏོང་འཇོག་མ་དངུལ་དམིགས་སར་མ་འབྱོར་བར་གླ་རྒྱག་ཞིང་པའི་གླ་ཕོགས་ཆད་ན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་སྲིད་འཛིན་སྡེ་ཁག་གིས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་ལ་ཞུས་ནས་ཆོག་མཆན་བཀོད་རྗེས། བཀའ་བཀོད་གནང་སྟེ་ཆད་པའི་མ་དངུལ་དུས་བཀག་ནང་ཁ་ཚང་གཏོང་སྤྲོད་བྱེད་དུ་གཞུག་དགོས།དུས་འགྱངས་ཀྱང་གཏོང་སྤྲོད་མ་བྱས་ན། རིམ་པ་གོང་མའི་མི་དམངས་སྲིད་གཞུང་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་སྲིད་འཛིན་སྡེ་ཁག་གིས་ཐད་ཀར་འགན་འཁུར་བའི་སྡེ་ཁག་དང་འབྲེལ་ཡོད་ལྟ་སྐུལ་དོ་དམ་སྡེ་ཁག་གི་འགན་འཁུར་པར་བསྐོང་འདྲི་བྱ་དགོས་པ་དང་། དགོས་ངེས་བྱུང་ན་བརྡ་ཁྱབ་གཏོང་བ་དང། ས་གནས་མི་དམངས་སྲིད་གཞུང་གི་འགན་འཁུར་པར་བསྐོང་འདྲི་བྱ་དགོས། གནས་ཚུལ་ཚབས་ཆེན་ཡིན་ན། ས་གནས་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་པ་དང་། ཐད་ཀར་འགན་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཐད་ཀར་འགན་འཁུར་བའི་མི་སྣ་གཞན་དག་བཅས་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཆད་འགེལ་བྱ་དགོས།

དོན་ཚན་དྲུག་ཅུ་བ། སྲིད་གཞུང་གི་མ་དངུལ་གཏོང་འཇོག་ལས་གཞིའི་འཛུགས་སྐྲུན་སྡེ་ཚན་གྱིས་ཆོག་མཆན་མ་ཐོབ་པར་ལས་གཞི་འཛུགས་སྐྲུན་བྱས་པ་དང་། འཛུགས་སྐྲུན་གཞི་ཁྱོན་རང་དགར་རྒྱ་བསྐྱེད་པ། མ་དངུལ་གཏོང་འཇོག་གི་རགས་རྩིས་ལ་རང་དགར་ཁ་སྣོན་བརྒྱབ་པ། ལས་གྲྭའི་གྲོན་དངུལ་དུས་ཐོག་ཏུ་གཏོང་སྤྲོད་མ་བྱས་པ་སོགས་ཀྱི་རྐྱེན་གྱིས་གླ་རྒྱག་ཞིང་པའི་གླ་ཕོགས་ཆད་ན། ཁྲིམས་ལྟར་འགན་འཁྲི་འཁུར་དགོས་པའི་ཁར།མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་སྲིད་འཛིན་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གཞན་དག་གིས་རང་རང་གི་འགན་འཁྲི་ལྟར་འཛུགས་སྐྲུན་སྡེ་ཚན་གྱི་འགན་འཁུར་པར་བསྐོང་འདྲི་བྱ་དགོས་པར་མ་ཟད།དེའི་ལས་རྗེས་དཔྱད་ཞིབ་དང། གླ་ཕོགས་བགོ་བཤའ།ཕུལ་བྱུང་སྔོན་ཐོན་འདེམས་བསྐོ། གོ་གནས་གོང་སྤར་སོགས་ཀྱི་གཞི་འཛིན་ས་གལ་ཆེན་དུ་བརྩི་དགོས།

དོན་ཚན་རེ་གཅིག་པ། འཛུགས་སྐྲུན་མ་དངུལ་དམིགས་སར་འབྱོར་མེད་པ་དང་། ཁྲིམས་འགལ་སྒྲིག་འགལ་གྱིས་འཛུགས་སྐྲུན་བྱེད་འགོ་བརྩམས་པའི་སྤྱི་ཚོགས་ཀྱི་མ་དངུལ་གཏོང་འཇོག་ལས་གྲྭའི་འཛུགས་སྐྲུན་ལས་གཞི་ནས་གླ་རྒྱག་ཞིང་པའི་གླ་ཕོགས་ཆད་ན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་སྲིད་འཛིན་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གཞན་དག་གིས་རང་རང་གི་འགན་འཁྲི་ལྟར་འཛུགས་སྐྲུན་སྡེ་ཚན་ལ་ཁྲིམས་ལྟར་ཆད་གཅོད་བྱེད་པ་དང། འཛུགས་སྐྲུན་སྡེ་ཚན་གྱི་འགན་འཁུར་པར་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཆད་འགེལ་བྱ་དགོས། འབྲེལ་ཡོད་སྡེ་ཁག་གི་ལས་བྱེད་མི་སྣས་ཁྲིམས་ལྟར་འགན་འཁྲི་མ་བསྒྲུབས་ན།འབྲེལ་ཡོད་ལས་ཁུངས་ཀྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཆད་འགེལ་བྱ་དགོས།
       དོན་ཚན་རེ་གཉིས་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་དང་། འཕེལ་རྒྱས་བཅོས་སྒྱུར། ནོར་སྲིད། སྤྱི་བདེ་སོགས་སྡེ་ཁག་དང་འབྲེལ་ཡོད་ལས་རིགས་ཀྱི་ལས་གྲྭ་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་གི་ལས་བྱེད་མི་སྣས་གླ་རྒྱག་ཞིང་པའི་གླ་ཕོགས་སྟེར་སྤྲོད་ལ་ལྟ་སྐུལ་དོ་དམ་བྱེད་པའི་འགན་འཁྲི་སྒྲུབ་སྐབས་འགན་དབང་གང་བྱུང་དུ་སྤྱོད་པ་དང་། འགན་འཁྲི་སྣང་མེད་དུ་འཇོག་པ། ཉེར་ཕྱོགས་གཡོ་ཟོལ་བྱེད་པའི་གནས་ཚུལ་ཡོད་ན། བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཆད་འགེལ་བྱ་དགོས་པ་དང། བྱས་ཉེས་བསགས་ཡོད་ན།ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་བྱ་དགོས།
     ལེའུ་བདུན་པ། ཞར་བྱུང་དོན་ཚན།
     དོན་ཚན་རེ་གསུམ་པ། མི་བཀོལ་མཁན་སྡེ་ཚན་གྱིས་གླ་རྒྱག་ཞིང་པར་ཆད་པའི་གླ་ཕོགས་སྐབས་ཐོག་ཏུ་སྟེར་དཀའ་བའམ་ཡང་ན་གླ་རྒྱག་ཞིང་པར་གླ་ཕོགས་ཆད་ནས་བྲོས་བྱོལ་བྱས་ན། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་འཚུབ་ཟློག་འཁོར་རྒྱུག་མ་དངུལ་སྤྱད་དེ་མི་བཀོལ་མཁན་སྡེ་ཚན་གྱིས་གླ་རྒྱག་ཞིང་པར་ཆད་པའི་གླ་ཕོགས་ཀྱི་ཆ་ཤས་སམ་ཡང་ན་གཞི་རྩའི་འཚོ་བའི་འགྲོ་སོང་སྔ་འདོན་བྱས་ཆོག སྔ་འདོན་བྱས་པའི་འཚུབ་ཟློག་འཁོར་རྒྱུག་མ་དངུལ་དེ་གླ་རྒྱག་ཞིང་པའི་གླ་ཕོགས་ཆད་པའི་མི་བཀོལ་མཁན་སྡེ་ཚན་ལ་ཁྲིམས་ལྟར་སྐྱིན་ཚབ་བདའ་དགོས།

དོན་ཚན་རེ་བཞི་བ། སྲོལ་ཡིག་འདི2020ལོའི་ཟླ5པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་དགོས།