༄༅། །མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱི་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ལ་ངེས་པ་དོན་གྱིས་ཤུགས་བསྣན་ནས་འབྲུ་རིགས་ཐོན་སྐྱེད་ནུས་པ་ཇེ་ཆེར་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར།

མཚོ་སྲིད་གཞུང་ལས་ཐིན〔2020〕ཨང7པ།

གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་། གཞུང་ལས་ཁང་། ཐིན། ཅུས་སོ་སོ་བཅས་ལ།

《རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱི་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ལ་ངེས་པ་དོན་གྱིས་ཤུགས་བསྣན་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་བྱེད་པའི་ནུས་པ་ཇེ་ཆེར་གཏོང་བའི་སྐོར་གྱི་བསམ་འཆར》(རྒྱལ་གཞུང་སྤེལ 2019 ﹞ ཨང50བ)གྱི་དགོངས་དོན་ནན་ཏན་གྱིས་དོན་འཁྱོལ་མཐར་ཕྱིན་བྱས་ཏེ། སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་འབྲུ་རིགས་ཐོན་སྐྱེད་ནུས་པ་བརྟན་སྲུང་བྱེད་ཆེད། ཞིང་ཆེན་སྲིད་གཞུང་གིས་ཞིབ་འཇུག་བྱས་ནས་ཡིད་འཐད་བྱུང་བ་བརྒྱུད་དེ་འདིར་གཤམ་གསལ་གྱི་ལག་བསྟར་བསམ་འཆར་གདོན་པར་བྱ་སྟེ།

གཅིག ཚད་གཞི་མཐོ་བའི་ཞིང་ས་མགྱོགས་མྱུར་གྱིས་འཛུགས་སྐྲུན་བྱེད་པའི་གལ་ཆེན་རང་བཞིན་ལ་ཚད་མཐོན་པོའི་སྒོ་ནས་ངོས་འཛིན་དགོས།

ཞིང་ལས་ཐོན་རྫས་དང་ཁྱད་པར་འབྲུ་རིགས་འདོན་སྤྲོད་ཁག་ཐེག་བྱེད་པ་ནི་གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་ཏུ་བསྟར་བའི་ལས་འགན་དང་པོ་ཡིན། ཚད་གཞི་མཐོ་བའི་ཞིང་ས་ནི་ཞིང་ལས་ཐོན་སྐྱེད་ཀྱི་རྨང་གཞི་གལ་ཆེན་ཡིན་ཞིང་། ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ནི་ཕུགས་ཡུན་རིང་བོར་འབྲེལ་བའི་འཐབ་ཇུས་རང་བཞིན་གྱི་རྒྱུད་རིམ་ལྡན་པའི་ལས་གྲྭ་ཞིག་ཡིན་ལ། འབྲུ་རིགས་ཐོན་སྐྱེད་ནུས་པ་བརྟན་སྲུང་དང་ཇེ་ཆེར་གཏོང་བ་དང། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་བྱེད་པའི་འགག་རྩའི་བྱེད་ཐབས་ཤིག་ཡིན། ལོ་ལྔའི་འཆར་འགོད་བཅུ་གཉིས་པ་ནས་བཟུང་སྟེ། ས་གནས་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ནན་ཏན་སྒོས་དོན་འཁྱོལ་མཐར་ཕྱིན་བྱས་ཏེ། སྡེ་ཁག་གིས་མ་དངུལ་མཐུན་སྦྱོར་དང་སྡེབ་སྒྲིག་བྱས་ལ། ཞིང་ས་བཅོས་སྒྲིག་དང་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་བྱེད་པ། ནུས་ལྡན་གྲོན་ཆུང་སྒོས་ཞིང་ཆུ་འདྲེན་པ་སོགས་ཀྱི་ལས་གཞི་བསྐྲུན་པ་བརྒྱུད་དེ་སྟོབས་ཤུགས་ཡོད་རྒུས་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་བྱས་པར་གྲུབ་འབྲས་མངོན་གསལ་ཐོབ། འོན་ཀྱང་མ་དངུལ་དང་ལག་རྩལ། རང་བྱུང་ཆ་རྐྱེན་སོགས་ཀྱི་ཚད་བཀག་ཐེབས་པའི་དབང་གིས་ཞིང་ཆེན་ཡོངས་ཀྱི་རྨོ་ཞིང་ཉུང་ཞིང། ས་ཞིང་ཁ་ཐོར་ཡིན་པ་དང། སྤུས་ཚད་ཞན་པ་མ་ཟད། གནམ་ལ་བརྟེན་ནས་ཞིང་འདེབས་པ་དང་འཚོ་བ་སྐྱེལ་བའི་རྣམ་པ་དེ་ཐོག་མཐའ་བར་གསུམ་དུ་ནུས་ལྡན་གྱིས་ཐག་གཅོད་བྱེད་ཐུབ་མེད། ཞིང་སའི་རྨང་གཞིའི་སྒྲིག་ཆས་ཞན་པ་ནི་སྔར་བཞིན་ཞིང་ཆེན་ཡོངས་ཀྱི་འབྲུ་རིགས་ཐོན་སྐྱེད་ལ་ཤུགས་རྐྱེན་བཟོ་བའི་ཞན་ཆ་ཡིན་པས། ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང། ཞིང་སའི་གནོད་འགོག་དང་གནོད་ཟློག་གནོད་སེལ་གྱི་ནུས་པ་ཇེ་དྲག་ཏུ་གཏོང་བའི་ལས་འགན་ནི་ཤིན་ཏུ་ལྕི་བ་རེད། ས་གནས་སོ་སོས་ཚད་གཞི་མཐོ་བའི་ཞིང་ས་མགྱོགས་མྱུར་གྱིས་འཛུགས་སྐྲུན་བྱས་ནས་འབྲུ་རིགས་ཐོན་སྐྱེད་ནུས་པ་ཇེ་ཆེར་གཏོང་བའི་གལ་ཆེན་རང་བཞིན་དང་ཁ་ཚ་དགོས་གཏུགས་ཀྱི་རང་བཞིན་ལ་ངོས་ཟིན་ཚད་ངེས་པ་དོན་གྱིས་ཇེ་མཐོར་གཏོང་བ་དང་། བསམ་བློ་དེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་ཐོག་སྔར་ལས་ལྷག་པར་གཅིག་གྱུར་བྱེད་པ་དང་། “འདུ་ཤེས་བཞི”ཇེ་དྲག་དང“ཡིད་ཆེས་བཞི”ཇེ་བརྟན་དུ་གཏོང་བ། ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོ་དང་། འགན་འཁྲི་ཁུར་ཤུགས་ཇེ་དྲག་ཏུ་བཏང་ཐོག བཀོད་སྒྲིག་བྱེད་ཚུལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ་དང་། ལམ་ལུགས་ཚད་གཞི་གཅིག་གྱུར་བྱེད་པ། གཅིག་གྱུར་གྱིས་རྩ་འཛུགས་ལག་བསྟར་དང་། ཞིབ་བཤེར་རྩིས་ལེན་དང་དཔྱད་ཞིབ།རི་མོར་བཀོད་དེ་མཛོད་དུ་འཇུག་པ་བཅས་བྱས་ནས་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ལ་དངོས་གནས་ཤུགས་སྣོན་པ་དང་། ཞིང་ཆེན་ཡོངས་ཀྱི་འབྲུ་རིགས་ཐོན་སྐྱེད་ནུས་པ་ཤུགས་ཆེན་པོས་ཇེ་ཆེར་གཏང་དགོས།

གཉིས། སྤྱིའི་བླང་བྱ།

(གཅིག) མཛུབ་སྟོན་བསམ་བློ།

ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང། སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བ་དང། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་བདུན་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་ཅིང། གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་ཏུ་བསྟར་བར་དམ་པོར་དམིགས་ཏེ། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”དང་། པུའུ་དང་ཞིང་ཆེན་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ལས་ཐོན་རྫས་ཀྱི་དཔེ་སྟོན་ཞིང་ཆེན་མཉམ་སྐྲུན་བྱེད་པའི་བླང་བྱ་ལྟར། ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག་ལ་སྐུལ་འདེད་བཏང་ཐོག འབྲུ་རིགས་ཐོན་སྐྱེད་ནུས་པ་ཇེ་ཆེར་གཏོང་བ་དེ་དམིགས་འབེན་དང་པོར་རྩི་ཞིང།ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་ལེགས་སྒྱུར་བྱ་རྒྱུ་དེ་གཙོ་གནད་དུ་བཟུང་སྟེ། མ་དངུལ་སྡེབ་སྒྲིག་ལ་གཅིག་གྱུར་འཆར་འགོད་བྱེད་ཅིང་། མ་དངུལ་འཇོག་ཚད་ཇེ་མང་དུ་བཏང་ནས་ཞིང་སའི་ཆུ་བེད་དང་རྨོ་ཞིང་སྲུང་སྐྱོང་། ས་བཅུད་ཇེ་ལེགས་སུ་གཏོང་བ་བཅས་གཙོ་བོར་བཟུང་ནས་ལེགས་འཛིན་བྱེད་པ་དང་། ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་ནས་ཞིང་སའི་གནོད་འགོག་དང་གནོད་ཟློག་གནོད་སེལ་གྱི་ནུས་པ་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་ཞིང་། ཞིང་ཆེན་ཡོངས་ཀྱི་འབྲུ་རིགས་ཐོན་སྐྱེད་ནུས་པ་ཇེ་དྲག་ཏུ་གཏོང་བར་རྨང་གཞི་བརྟན་པོ་གདིང་དགོས།

(གཉིས) གཞི་རྩའི་རྩ་དོན།

ལུགས་མཐུན་གྱིས་བཀོད་སྒྲིག་བྱས་ནས་སྤྱི་ཡོངས་ལ་སྐུལ་འདེད་གཏང་དགོས། ས་ཁོངས་ཀྱི་རང་བྱུང་ཐོན་ཁུངས་ཀྱི་ཐེག་ནུས་དང་འབྲུ་རིགས་ཐོན་སྐྱེད་ཀྱི་མངོན་མེད་ནུས་ཤུགས་ལ་ཕྱོགས་བསྡུས་སྒོས་བསམ་གཞིགས་བྱས་ཏེ་སྔོན་ལ་སླ་མོ་དང་རྗེས་སུ་དཀའ་མོ། སྔོན་ལ་ཆུ་མ་དང་རྗེས་སུ་སྐམ་ཞིང་གི་རིམ་པ་ལྟར་གཏན་ཆགས་ཀྱི་གཞི་རྩའི་ཞིང་ས་སྲུང་སྐྱོང་ཁུལ་དང། འབྲུ་རིགས་ཐོན་སྐྱེད་རྩོལ་ནུས་ཁུལ།ཞིང་ལས་ཐོན་རྫས་གལ་ཆེན་ཐོན་སྐྱེད་དང་སྲུང་སྐྱོང་ཁུལ་བཅས་སྔོན་ལ་དམིགས་སུ་བཀར་ཏེ་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་བྱ་དགོས། གཅིག་གྱུར་གྱིས་འཆར་འགོད་དང་ཇུས་འགོད་བྱས་ཐོག གཅིག་བསྡུས་ཀྱིས་གཏོང་འཇོག་དང་མུ་སྦྲེལ་ཏེ་བཅོས་སྐྱོང་བྱས་ནས་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ལ་སྤྱི་ཡོངས་ནས་སྐུལ་འདེད་གཏང་དགོས།

ཐབས་མང་མཉམ་དུ་སྤྱད་ནས་ཕྱོགས་བསྡུས་བཅོས་སྐྱོང་བྱ་དགོས། ཡུལ་བབ་དང་བསྟུན་ཞིང་ཚན་རིག་དང་ལུགས་གཉིས་ཀར་མཐུན་པའི་སྒོ་ནས་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་གྱི་ནང་དོན་གཏན་ཁེལ་བྱེད་པ་དང་། ཞིང་ཆུ་ནགས་གསུམ་དང་ལམ་གློག་བཅས་ཕྱོགས་བསྡུས་སྒོས་བཅོས་སྐྱོང་བྱས་ནས་ཞིང་ས་བདེ་སྙོམ་དང་ས་རྒྱུ་གཤིན་པོ་ཡིན་པ། ཆུ་བེད་སྒྲིག་བཀོད་ཆ་འགྲིག་པ། ཞིང་ཁའི་བགྲོད་ལམ་ཐོགས་པ་མེད་པ། ནགས་དྲ་འཛུགས་སྐྲུན་འོས་འཚམ་བཅས་ཡོང་བར་བྱས་ནས། ཞིང་སའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་མངོན་གསལ་གྱིས་ཇེ་ལེགས་སུ་འགྲོ་བར་བྱ་དགོས།རྐྱེན་སྲོལ་འཐུས་ཚང་དུ་བཙུགས་ནས་ཁྲིམས་ལྟར་དོ་དམ་བྱ་དགོས། ཞིང་སྡེའི་ས་ཞིང་འགན་གཙང་ལེན་གྱི་འབྲེལ་བ་བརྟན་འཇགས་སུ་བཏང་ནས་དུས་ལྟར་བདག་དབང་གཏན་ཁེལ་དང་ཐོ་འགོད་བྱེད་ཅིང།བདག་སྐྱོང་བྱེད་པོ་ངེས་གསལ་དང་། བདག་སྐྱོང་ལམ་ལུགས་གཏན་འབེབས་བྱེད་པ། བདག་སྐྱོང་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པ་དང་། བདག་སྐྱོང་འགན་འཁྲི་དང་བདག་སྐྱོང་གྲོན་དངུལ་དོན་འཁྱོལ་བྱས་ནས་ཕན་ནུས་རྒྱུན་མཐུད་ངང་འདོན་སྤེལ་བྱེད་པར་ཁག་ཐེག་བྱ་དགོས།སྲིད་གཞུང་གིས་གཙོ་ཁྲིད་དང་ཕྱོགས་མང་པོས་གཏོང་འཇོག་བྱ་དགོས། ཞིང་ཆེན་དང་གྲོང་ཁྱེར།ཁུལ། རྫོང་བཅས་རིམ་པའི་སྲིད་གཞུང་གི་འགན་འཁྲི་དངོས་གནས་དོན་འཁྱོལ་བྱས་ཏེ་སྤྱི་པའི་ནོར་སྲིད་གཏོང་འཇོག་གི་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། ལས་གཞི་སྐྲུན་ཁུལ་གྱི་རྒྱ་ཆེའི་ཞིང་བ་དང་ཞིང་སྡེའི་རྣམ་པ་གསར་བའི་ལས་གཉེར་བྱེད་པོས་མ་དངུལ་བསྡུ་ཞིང་རྩོལ་བ་སྤྱད་པར་བསྟོད་སྐུལ་དང་ཁྲིད་སྟོན་བྱེད་པ་དང་། སྤྱི་ཚོགས་ཀྱི་མ་རྩ་དེ་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ཐད་ལ་གཏོང་བར་ཧུར་ཐག་གིས་ཁྲིད་སྟོན་བྱ་དགོས།
     (གསུམ) དམིགས་འབེན་ལས་འགན།
       2020ལོར། ཞིང་ཆེན་ཡོངས་སུ་གཅིག་བསྡུས་མུ་འབྲེལ་ཡིན་ཞིང་། ཐོན་སྐྱེད་བརྟན་འཇགས་དང་ཐོན་ཚད་མང་བའི་ཚད་གཞི་མཐོ་བའི་ཞིང་ས་མུའུ་ཁྲི390བསྐྲུན་ནས་འགྲུབ་པར་བྱ་དགོས། 2022ལོར་སླེབས་དུས། ཚད་གཞི་མཐོ་བའི་ཞིང་ས་མུའུ་ཁྲི430བསྐྲུན་ནས་འགྲུབ་པར་བྱ་དགོས། 2035ལོར་སླེབས་དུས། ཞིང་ཆེན་ཡོངས་ཀྱི་གནོད་འགོག་དང་གནོད་ཟློག་གནོད་སེལ་གྱི་ནུས་པ་མངོན་གསལ་གྱིས་ཇེ་དྲག་ཏུ་འགྲོ་བ་དང་། འབྲུ་རིགས་ཐོན་ནུས་མངོན་གསལ་གྱིས་ཇེ་ཆེར་སོང་ནས་འབྲུ་རིགས་ཀྱི་ཐོན་ཚད་དེ་ཏུན་ཁྲི100ཡན་དུ་བརྟན་འཇགས་ཡོང་བར་ཁག་ཐེག་བྱ་དགོས།

གསུམ། དཔྱད་དཔོག་དང་འཆར་འགོད་ཀྱི་བྱ་བ་ཏན་ཏིག་གིས་སྤེལ་དགོས།
     (བཞི) ཚད་གཞི་མཐོ་བའི་ཞིང་སའི་གཞི་གྲངས་གསལ་རྟོགས་བྱ་དགོས། ས་གནས་སོ་སོས་བར་སྟོང་ས་རྒྱུས་ཆ་འཕྲིན་ལག་རྩལ་དང་། འཁོར་སྐར་རྒྱང་ཚོར་གཟུགས་བརྙན་སོགས་ཀྱི་བྱེད་ཐབས་སྤྱད་དེ། ལོ་ལྔའི་འཆར་འགོད་བཅུ་གཉིས་པ་ནས་བཟུང་སྟེ་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་བྱས་པའི་གྲངས་འབོར་དང་སྤུས་ཚད། ཁྱབ་ཚད། བེད་སྤྱོད་བྱེད་ཚུལ་བཅས་ཕྱི་རོལ་ཡུལ་དང་བསྟུན་ནས་བརྟག་དཔྱད་བྱེད་ཅིང།དངོས་ཐོག་བདེན་འཚོལ་གྱིས་ཕྱོགས་བསྡུས་དཔྱད་དཔོག་བྱས་ནས་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་གྱི“གཞི་གྲངས་གསལ་བ་དང། གནས་ས་འཛོལ་མེད། གནས་ཚུལ་ཞིབ་ཅིང་ཕྲ་བའི”དམིགས་ཡུལ་མངོན་འགྱུར་བྱས་ནས། ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་དང་དོ་དམ་བྱ་བ་སྔར་བས་ལེགས་པོར་བསྒྲུབ་པར་རྨང་གཞི་བརྟན་པོ་གདིང་དགོས། (ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་སྣེ་ཁྲིད་ཅིང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན།ཞིང་ཆེན་ཆུ་བེད་ཐིན། གྲོང་ཁྱེར་དང་ཁུལ་དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས། གཤམ་གྱི་ཡོད་ཚད་ལ་གྲོང་ཁྱེར་དང་ཁུལ། རྫོང་བཅས་རིམ་པའི་མི་དམངས་སྲིད་གཞུང་གིས་འགན་འཁུར་དགོས།བསྐྱར་འགོད་མི་བྱ།)
     (ལྔ) འཆར་གཞི་སྔོན་དུ་འགོད་པ་རྒྱུན་འཁྱོངས་བྱ་དགོས། ས་ཁོངས་ཐོན་ཁུངས་ཀྱི་ལྷན་ནུས་དང་ཐེག་ནུས། ཞིང་སའི་མངོན་མེད་ཀྱི་ཐོན་སྐྱེད་ནུས་ཤུགས་སོགས་གཞིར་བཟུང་ནས་རྒྱལ་ཁོངས་ཡུལ་ཁམས་འཆར་འགོད་དང་། གཙོ་གནད་ཆུ་བེད་ལས་གྲྭ ཞིང་ཆུ་འདྲེན་ཁུལ་ཆེ་འབྲིང་གི་འཛུགས་སྐྲུན་དང་སྒྱུར་བཀོད་ལས་གྲྭ་བཅས་དང་སྦྲེལ་མཐུད་ལེགས་པོར་བྱ་དགོས། ལོ་ལྔའི་འཆར་འགོད་བཅུ་གཉིས་པ་ནས་བཟུང་བའི་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་གྱི་གཙང་བཤེར་དཔྱད་དཔོག་གྲུབ་འབྲས་དང་སྦྲེལ་ཏེ། གཙོ་གནད་འབུར་དོད་དང་གཅིག་བསྡུས་མུ་འབྲེལ། སྤྱི་ཡོངས་ལ་སྐུལ་འདེད། དུས་བགོས་ནས་འཛུགས་སྐྲུན། སྤུས་འདེགས་སྒྱུར་བཀོད། སུབ་སྙོམ་ཁ་གསབ། ཐབས་མང་མཉམ་སྤྱོད། ཕྱོགས་བསྡུས་སྒོས་བཅོས་སྐྱོང་བཅས་བྱེད་པའི་རྩ་དོན་ལྟར་ཚན་རིག་དང་མཐུན་པའི་སྒོ་ནས་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་འཆར་འགོད་ལུགས་མཐུན་སྒོས་སྒྲིག་བཟོ་བྱས་ཏེ།འབྲུ་རིགས་ཐོན་སྐྱེད་རྩོལ་ནུས་ཁུལ་དང་ཞིང་ལས་ཐོན་རྫས་གལ་ཆེན་གྱི་ཐོན་སྐྱེད་སྲུང་སྐྱོང་ཁུལ་ཁྱོན་ཡོངས་ལ་ཁེབས་པར་བྱ་དགོས། (ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་ཆུ་བེད་ཐིན་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས།)
     (དྲུག) ལས་གཞི་གྲབས་གསོག་གི་བྱ་བ་ལེགས་པོར་བསྒྲུབ་དགོས། ལས་གཞི་མཛོད་ཀྱི་འཛུགས་སྐྲུན་ལ་གཙིགས་འཛིན་ཆེན་པོ་བྱས་ཏེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ་དང་འབྲེལ་འདྲིས་སྦྲེལ་མཐུད་བྱེད་པར་ཤུགས་སྣོན་པ་དང་། སྤྱོད་འཐུས་རང་བཞིན་ལ་ཞིབ་འཇུག་བྱས་པའི་རྨང་གཞིའི་སྟེང་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་གྱི་ལས་གཞི་མཛོད་འཐུས་ཚང་དུ་འཛུགས་པ་དང་།འགུལ་རྣམ་ལྟར་དོ་དམ་བྱས་ནས་ལས་གཞི་མཛོད་ཀྱི་སྤུས་ཚད་ཁག་ཐེག་བྱ་དགོས། སྔོན་སླ་རྗེས་དཀའ་དང་། ཚན་རིག་དང་མཐུན་ཞིང་གོ་རིམ་ཡོད་པའི་སྒོ་ནས་ལས་གཞི་བཀོད་སྒྲིག་བྱས་ཏེ་ཁག་ཅིག་གྲབས་གསོག་དང་། ཁག་ཅིག་སྐྲུན་མགོ་རྩོམ་པ། ཁག་ཅིག་སྐྲུན་པ། ཁག་ཅིག་ལེགས་འགྲུབ་ཡོང་བར་བྱ་དགོས། (ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་འགན་འཁུར་དགོས།)

བཞི། དོ་དམ་རྐྱེན་སྲོལ་འཐུས་ཚང་དུ་གཟུགས་དགོས།
      (བདུན) གཅིག་གྱུར་གྱིས་བཀོད་སྒྲིག་བྱེད་ཚུལ་འཆར་འགོད་བྱ་དགོས། ཞིང་ཆེན་དང་གྲོང་ཁྱེར། ཁུལ།རྫོང་བཅས་རིམ་པའི་ཞིང་ས་འཛུགས་སྐྲུན་གྱི་འཆར་འགོད་མ་ལག་བཙུགས་ཏེ། དམིགས་འབེན་ལས་འགན་དང་འཛུགས་སྐྲུན་བཀོད་སྒྲིག་བྱེད་ཚུལ། གཙོ་གནད་ཁྱབ་ཁོངས་བཅས་ངེས་གསལ་བྱེད་པ་དང།ལས་གྲྭ་གལ་ཆེན་ཕྲ་ཞིབ་ཅན་དང་དོན་དངོས་ཅན་དུ་གཏང་དགོས། ས་ཆུ་ཞིང་ནགས་དང་ལམ་བཅས་ལ་ཕྱོགས་བསྡུས་སྒོས་འཆར་འགོད་བྱེད་ཅིང་། འཆར་འགོད་ཇུས་འགོད་ཀྱི་ཆུ་ཚད་ཇེ་མཐོར་བཏང་ནས་འཆར་འགོད་ཇུས་འགོད་ཀྱི་སྤུས་ཚད་ཁག་ཐེག་བྱ་དགོས། སྔོན་སླ་རྗེས་དཀའ་དང། གོ་རིམ་བགོས་ནས་ལག་བསྟར་བྱེད་པའི་བླང་བྱ་ལྟར་ཧུར་ཐག་དང་བརྟན་འཇགས་སྒོས་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་བྱེད་རྒྱུ་བཀོད་སྒྲིག་བྱ་དགོས། གཙོ་བོ་ཤར་རྒྱུད་ས་ཁུལ་དང་མཚོ་སྔོན་པོའི་མཐའ་འཁོར་ས་ཁུལ་གྱི་གཏན་ཆགས་གཞི་རྩའི་ཞིང་ས་སྲུང་སྐྱོང་ཁུལ་དང།འབྲུ་རིགས་ཐོན་སྐྱེད་རྩོལ་ནུས་ཁུལ་དང། ཞིང་ལས་ཐོན་རྫས་གལ་ཆེན་གྱི་ཐོན་སྐྱེད་སྲུང་སྐྱོང་ཁུལ་དུ་ཚད་གཞི་མཐོ་བའི་ཞིང་ས་ཁག་ཅིག་མགྱོགས་མྱུར་གྱིས་འཛུགས་སྐྲུན་བྱས་ནས་འབྲུ་རིགས་ཐོན་སྐྱེད་ནུས་པ་ཇེ་དྲག་ཏུ་གཏང་དགོས། (ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་ཆུ་བེད་ཐིན་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས།)

(བརྒྱད) འཛུགས་སྐྲུན་ཚད་གཞི་གཅིག་གྱུར་བྱ་དགོས། ཡུལ་བབ་དང་བསྟུན་ནས་ས་ཁོངས་དང་རིགས་བཀར་བའི་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ཚད་གཞི་དང་། ལས་གྲྭ་འཛུགས་སྐྲུན་ཚད་གཞི། ལས་གྲྭ་རགས་རྩིས་གྲངས་བཅད་བཅས་གཏན་འབེབས་བྱ་དགོས། གཅིག་བསྡུས་མུ་འབྲེལ་དང་སྤྱི་ཡོངས་ལ་སྐུལ་འདེད་ཀྱི་བླང་བྱ་ལྟར་ལས་གཞིའི་གཞི་ཁྱོན་འོས་འཚམ་གྱིས་གཏན་ཁེལ་བྱ་དགོས། ས་ཁོངས་མི་གཅིག་པ་དང་ལས་གཞིའི་རིགས་མི་གཅིག་པར་མ་དངུལ་གཏོང་བའི་ཚད་གཞི་ཚན་རིག་དང་མཐུན་པའི་སྒོ་ནས་ཞིབ་བཤེར་གཏན་འབེབས་བྱ་དགོས། ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་འཕེལ་རྒྱས་ཀྱི་བླང་བྱ་དང། ཁྲོམ་རའི་རིན་གོང་གི་འགྱུར་ལྡོག་སོགས་རྒྱུ་རྐྱེན་ལ་ཕྱོགས་བསྡུས་སྒོས་བསམ་གཞིགས་བྱས་ནས་འཛུགས་སྐྲུན་བྱ་ཡུལ་དང་མ་དངུལ་གཏོང་བའི་ཚད་གཞི་དུས་དང་བསྟུན་ནས་ལེགས་སྒྲིག་བྱ་དགོས། (ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང།ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་ཆུ་བེད་ཐིན་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས།)
       (དགུ) གཅིག་གྱུར་གྱིས་རྩ་འཛུགས་ལག་བསྟར་བྱ་དགོས། རང་བྱུང་ཐོན་ཁུངས་དང་མི་སྣའི་སྒྲིག་ཁོངས། མ་དངུལ་གཏོང་འཇོག་སོགས་ཀྱི་ཐེག་ནུས་ལ་གཞིགས་ནས་ལོ་འཁོར་གྱི་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ལས་འགན་བཀོད་སྒྲིག་བྱས་ཏེ་དོན་འཁྱོལ་བྱ་དགོས། ལས་གཞི་མ་བསྐྲུན་སྔོན་གྱི་གྲ་སྒྲིག་དང་། རེ་ཞུ་དང་ཞིབ་བཤེར་མཆན་འགོད། འོས་སྐུལ་འོས་འགུག ལས་གྲྭ་སྐྲུན་པ་དང་ལྟ་ཞིབ་དོ་དམ། ལས་མཇུག་བསྒྲིལ་བར་ཞིབ་བཤེར་རྩིས་ལེན། ལྟ་རྟོག་ལྟ་ཞིབ། སྤོ་སྤྲོད་བདག་སྐྱོང་སོགས་ཀྱི་བྱ་བ་ཚད་ལྡན་གྱིས་སྤེལ་དགོས། རྣམ་པ་གསར་བའི་ཞིང་ལས་ལས་གཉེར་བྱེད་པོ་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་བྱེད་པར་བསྟོད་སྐུལ་དང་རྒྱབ་སྐྱོར་བྱས་ནས་ཞིང་ལས་དེ་གཞི་ཁྱོན་འོས་འཚམ་ལྡན་པའི་སྒོ་ནས་གཉེར་བར་ཚད་ལྡན་དང་སྒྲིག་ཡོད་སྒོས་སྐུལ་འདེད་གཏང་དགོས། (ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང།ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་ཆུ་བེད་ཐིན་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས།)

(བཅུ) གཅིག་གྱུར་གྱིས་ཞིབ་བཤེར་རྩིས་ལེན་དང་དཔྱད་ཞིབ་བྱ་དགོས། གཟབ་ནན་གྱིས་གོ་རིམ་ལྟར་ཞིང་ས་འཛུགས་སྐྲུན་ལས་གཞིའི་ལས་མཇུག་བསྒྲིལ་བར་ཞིབ་བཤེར་རྩིས་ལེན་དང་གདེང་འཇོག་བྱེད་པ་དང་། རྫོང་རིམ་པས་རང་བཤེར་རྩིས་ལེན་དང།གྲོང་ཁྱེར་དང་ཁུལ་རིམ་པས་ལས་མཇུག་བསྒྲིལ་བར་ཞིབ་བཤེར་རྩིས་ལེན་དང་ཞིང་ཆེན་རིམ་པས་བསྐྱར་བཤེར་བྱེད་པ་བཅས་རིམ་པ་གསུམ་གྱིས་ཞིབ་བཤེར་རྩིས་ལེན་བྱེད་པའི་ལམ་ལུགས་ལག་ཏུ་བསྟར་དགོས།《ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ལ་གདེང་འཇོག་ཡར་སྐུལ་གྱི་ལག་བསྟར་བྱེད་ཐབས(ཚོད་ལྟའི་ལག་བསྟར)》གཞིར་བཟུང་ནས་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་གྱི་དོ་དམ་བྱ་བར་དུས་བཅད་ལྟར་གདེང་འཇོག་བྱ་དགོས། གདེང་འཇོག་མཇུག་འབྲས་བེད་སྤྱོད་བྱེད་ཤུགས་ཇེ་དྲག་ཏུ་བཏང་སྟེ། ལས་འགན་འགྲུབ་ཚུལ་བཟང་བའི་ས་ཁུལ་ལ་གཟིགས་སྐྱོང་བྱས་ནས་རྒྱབ་སྐྱོར་བྱེད་པ་དང། ལས་འགན་མ་འགྲུབ་པ་ལ་ཞིང་ས་འཛུགས་སྐྲུན་གྱི་ལས་གཞི་བཀོད་སྒྲིག་ཉུང་ངུ་བྱེད་པའམ་བཀོད་སྒྲིག་མི་བྱེད་པ་མ་ཟད།ས་གནས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་ལ་སྐོང་འདྲི་བྱ་དགོས། (ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང།ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་ནོར་སྲིད་ཐིན་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས།)
      (བཅུ་གཅིག) གཅིག་གྱུར་གྱིས་རི་མོར་བཀོད་ནས་མཛོད་དུ་འཇུག་དགོས། ས་ཞིང་བེད་སྤྱོད་ཀྱི་ད་ཡོད་གནས་ཚུལ་རི་མོ་ལ་བརྟེན་ནས་གཅིག་གྱུར་གྱིས་ཚད་གཞི་དང་གཞི་གྲངས་ཀྱི་བླང་བྱ་གཅིག་གྱུར་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་ཞིང་ས་འཛུགས་སྐྲུན་གྱི་ལས་གཞི་འཛུགས་པ་དང། ལག་བསྟར། ཞིབ་བཤེར་རྩིས་ལེན། བེད་སྤྱོད་སོགས་ཀྱི་དུས་རིམ་སོ་སོའི་འབྲེལ་ཡོད་ཆ་འཕྲིན་དུས་ཐོག་དང་། ཕྱོགས་ཡོངས།དྲང་བདེན་། ཡང་དག་བཅས་ཀྱི་སྒོ་ནས་རི་མོར་བཀོད་དེ་མཛོད་དུ་འཇུག་པ་དང། ཞིང་ཆེན་ཡོངས་ཀྱི་ཞིང་ས་འཛུགས་སྐྲུན་གྱི“རི་མོ་གཅིག”དང་ལྟ་སྐུལ་དོ་དམ་མ་ལག་བཙུགས་ནས་བདེན་དཔང་འཚོལ་ཐུབ་པ་དང་། གོ་རིམ་ཡོངས་ལ་ལྟ་སྐུལ་ཚོད་འཛིན་ཐུབ་པ།གནད་ཕིགས་དོ་དམ་ཐུབ་པ། ཐོན་ཁུངས་མཉམ་སྤྱོད་ཐུབ་པར་བྱ་དགོས། (ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་ཆུ་བེད་ཐིན་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས།)

(བཅུ་གཉིས) ལག་རྩལ་འདེགས་སྐྱོར་ལ་ཤུགས་བསྣན་དགོས། ལས་གཞི་དོ་དམ་དང་མ་དངུལ་དོ་དམ།ལྟ་སྐུལ་དཔྱད་དཔོག ལྟ་ཞིབ་ཚད་ལེན་དང་གདེང་འཇོག་སོགས་ཀྱི་བྱེད་ཐབས་གཏན་འབེབས་བྱས་ནས་འཐུས་ཚང་དུ་བཏང་སྟེ《ཚད་གཞི་མཐོ་བའི་ཞིང་ས་འཆར་འགོད་ཇུས་འགོད་ཀྱི་ཚད་གཞི》དང《ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་གྱི་ཚད་གཞི》། 《ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་གྱི་ལས་གྲྭའི་རགས་རྩིས་བཅད་གྲངས》སོགས་ཀྱི་སྒྲིག་བཟོའི་བྱ་བར་སྐུལ་འདེད་བཏང་ནས། ཞིང་ཆེན་ཡོངས་ཀྱི་ཞིང་ས་འཛུགས་སྐྲུན་དང་འཛུགས་སྐྲུན་དོ་དམ་བྱ་བ་དང་འཚམ་པའི་ལམ་ལུགས་མ་ལག་རིམ་བཞིན་གཟུགས་དགོས། ཞིང་ས་འཛུགས་སྐྲུན་ལ་དོ་དམ་དང་ལག་རྩལ་ཞབས་ཕྱི་མ་ལག་གི་དཔུང་སྡེ་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། རྨོ་ཞིང་གི་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་གྱི་དྲ་ཚིགས་འཐུས་ཚང་དུ་བཏང་ཐོག མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་ལས་ཁུངས་ལ་བརྟེན་ནས་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་གྱི་གནད་འགག་རང་བཞིན་གྱི་ལག་རྩལ་གནད་དོན་ལ་དམིགས་ནས་ཚན་རིག་ཞིབ་འཇུག་བྱ་དགོས། ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་གྱི་སྔོན་ཐོན་དང་སྤྱོད་གོ་ཆོད་པའི་ལག་རྩལ་ནང་འདྲེན་བྱས་ཏེ་ཁྱབ་བརྡལ་ཆེན་པོ་གཏོང་ཞིང། ལས་གྲྭ་འཛུགས་སྐྲུན་དང་ཞིང་ལས་འཕྲུལ་ཆས་དང་ཞིང་ལས་ལག་རྩལ་གཅིག་བསྡུས་དང་བེད་སྤྱོད་བྱེད་པར་ཤུགས་སྣོན་པ་དང་། ཚན་རིག་གསར་གཏོད་དང་གྲུབ་འབྲས་བསྒྱུར་བར་སྐུལ་འདེད་བཏང་ནས་ལས་གཞི་འཛུགས་སྐྲུན་ལ་དོ་དམ་བྱེད་པའི་ལག་རྩལ་ཆུ་ཚད་ཇེ་མཐོར་གཏང་དགོས། ས་བོན་ལེགས་ཤོས་དང་བྱེད་ཐབས་ལེགས་ཤོས་ཤུགས་ཆེན་པོས་ཁྱབ་སྤེལ་བྱས་ནས་ཞིང་ལས་ཐོན་རྫས་དང་ཁྱད་པར་འབྲུ་རིགས་ཁོ་ནའི་ཐོན་སྐྱེད་ཀྱི་ཆུ་ཚད་ཇེ་མཐོར་གཏང་དགོས། ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་དང་འབྲེལ་བའི་རྩད་ཞིབ་ཇུས་འགོད་དང་ལས་གྲྭ་འཛུགས་སྐྲུན། ལས་གཞིར་དོ་དམ་སོགས་ཀྱི་ལག་རྩལ་དང་དོ་དམ་མི་སྣར་གསོ་སྦྱོང་བྱེད་ཤུགས་ཇེ་ཆེར་བཏང་ནས་ལས་ཀའི་ནུས་པ་དང་ལག་རྩལ་ཆུ་ཚད། ཕྱོགས་བསྡུས་བྱང་ཚད་བཅས་ཇེ་མཐོར་བཏང་ནས་འཆར་འགོད་ལག་བསྟར་བྱེད་པར་རིག་པའི་རྒྱབ་སྐྱོར་འདོན་སྤྲོད་བྱ་དགོས། (ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང།ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་ཆུ་བེད་ཐིན་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས།)

(བཅུ་གསུམ) སྲུང་སྐྱོང་དང་བེད་སྤྱོད་ལ་གཟབ་ནན་བྱ་དགོས། བསྐྲུན་ཟིན་པའི་ཚད་གཞི་མཐོ་བའི་ཞིང་ས་དེ་གཏན་ཆགས་ཀྱི་གཞི་རྩའི་ཞིང་སའི་གྲས་སུ་བཅུག་སྟེ། བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་གཟབ་ནན་གྱིས་སྲུང་སྐྱོང་བྱས་ནས་སྡེ་ཚན་དང་མི་སྒེར་སུ་ཡིན་ཡང་གཏོར་བཤིག་གཏོང་མི་ཆོག ཁྲིམས་ལྟར་ཆོག་མཆན་མ་བཀོད་པར་སྡེ་ཚན་དང་མི་སྒེར་གང་གིས་ཀྱང་གང་འདོད་ཀྱིས་འཛིན་སྤྱོད་བྱེད་པའམ་སྤྱོད་སྒོ་སྒྱུར་མི་ཆོག ཆོག་མཆན་བཀོད་པ་བརྒྱུད་དེ་ཚད་གཞི་མཐོ་བའི་ཞིང་ས་འཛིན་སྤྱོད་བྱས་པ་དེ།དུས་ལྟར་ཁ་གསབ་བྱས་ནས་ཚད་གཞི་མཐོ་བའི་ཞིང་སའི་གྲངས་འབོར་ཇེ་ཉུང་དང་སྤུས་ཚད་ཇེ་ཞན་དུ་མི་འགྲོ་བར་ཁག་ཐེག་བྱེད་པ་དང། “ལེགས་སྤྱོད་ཞན་གསབ”ཀྱི་སྣང་ཚུལ་འབྱུང་བར་མཐའ་གཅིག་ཏུ་བཀག་འགོག་བྱ་དགོས། པུའུ་དང་ཞིང་ཆེན་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ལས་ཐོན་རྫས་ཀྱི་དཔེ་སྟོན་ཞིང་ཆེན་མཉམ་དུ་སྐྲུན་པ་དེ་གོ་སྐབས་སུ་བཟུང་སྟེ། ལྗང་མདོག་འཕེལ་རྒྱས་ལ་རྐང་བཙུགས་ནས་ཞིང་ས་བེད་སྤྱོད་དང་གསོ་སྐྱོང་ཟུང་འབྲེལ་བྱེད་པ་དང། ལུགས་མཐུན་གྱི་རྨོ་འདེབས་ལམ་ལུགས་འཚོལ་ཞིབ་སྒོས་བཙུགས་ཐོག ལུད་རྫས་དང་ཞིང་སྨན་སྤྱོད་ཚད་ཇེ་ཉུང་དུ་གཏོང་ཞིང་། ཕྱོགས་བསྡུས་ཀྱི་བྱེད་ཐབས་སྤྱད་དེ་རྒྱུན་ཆད་མེད་པར་ས་བཅུད་གསོས་ནས་རྨོ་ཞིང་གི་སྤུས་ཚད་ཇེ་ལེགས་སུ་གཏང་དགོས།རྨོ་ཞིང་གི་ས་རྒྱུ་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་བསྣན་ནས་སྦགས་བཙོག་ཐེབས་པའི་རྨོ་ཞིང་བདེ་འཇགས་ངང་བེད་སྤྱོད་པར་ཁག་ཐེག་བྱ་དགོས། (ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན།ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས།)

(བཅུ་བཞི) བདག་སྐྱོང་རྐྱེན་སྲོལ་འཐུས་ཚང་དུ་གཟུགས་དགོས། ཞིང་ས་ལས་གྲྭའི་སྒྲིག་བཀོད་ཀྱི་འཁོར་སྐྱོད་ལ་བདག་སྐྱོང་བྱ་རྒྱུ་དེ་འཛུགས་སྐྲུན་དང་འདྲ་བར་གོ་གནས་གལ་ཆེན་དུ་འཇོག་དགོས། ཞིང་སྡེའི་ཐུན་མོང་ཐོན་དབང་གི་ལམ་ལུགས་བཅོས་སྒྱུར་དང་ཞིང་ལས་ཀྱི་ཆུ་རིན་ཕྱོགས་བསྡུས་ཀྱིས་བཅོས་སྒྱུར་བྱེད་པ་དང་ཟུང་དུ་སྦྲེལ་ཞིང་། “སུ་ལ་ཁེ་ཕན་ཐོབ་ན་དེས་བདག་སྐྱོང་བྱེད”པའི་རྩ་དོན་ལྟར་བདག་སྐྱོང་བྱེད་པོ་དང་བདག་སྐྱོང་འགན་འཁྲི། བདག་སྐྱོང་འོས་འགན་བཅས་ངེས་གསལ་བྱེད་ཅིང། རྩིས་སྤྲོད་བྱེད་པའི་འགྲོ་ལུགས་ཚད་ལྡན་གྱིས་སྒྲུབ་པ་དང།བདག་སྐྱོང་ལམ་ལུགས་གཏན་འབེབས་བྱས་ནས་བདག་སྐྱོང་བྱེད་ཐབས་དོན་འཁྱོལ་བྱ་དགོས། གྲོང་ཁྱེར་དང་ཁུལ། རྫོང་བཅས་ཀྱིས་ཞིང་ས་ལས་གྲྭའི་སྒྲིག་བཀོད་ཀྱི་བདག་སྐྱོང་གྲོན་དངུལ་ལུགས་མཐུན་གྱིས་འགན་སྲུང་བྱེད་ཅིང་། སྲིད་གཞུང་གིས་ཞབས་ཕྱི་ཉོ་སྒྲུབ་དང་། བྱ་དགས་ཁ་གསབ་ཀྱི་ཚབ་བྱེད་པ་སོགས་བྱེད་སྟངས་འཚོལ་ཞིབ་སྒོས་བེད་སྤྱོད་བྱས་ཏེ་ཁེ་ཕན་ཐོབ་ཡུལ་གྱི་བྱེད་པོས་ནམ་རྒྱུན་ལས་གྲྭར་བདག་སྐྱོང་བྱེད་པའི་བརྩོན་སེམས་སྐུལ་སློང་བྱས་ཏེ་བསྐྲུན་ཟིན་པའི་ལས་གྲྭའི་སྒྲིག་བཀོད་རྒྱུན་ལྡན་ལྟར་འཁོར་སྐྱོད་བྱས་ནས་དུས་ཡུན་རིང་བོར་ཕན་ནུས་འདོན་སྤེལ་བྱེད་པར་ཁག་ཐེག་བྱ་དགོས། (ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་ཆུ་བེད་ཐིན་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས།)
      ལྔ། འགན་སྲུང་བྱེད་ཐབས་དངོས་གནས་དོན་འཁྱོལ་བྱ་དགོས།

(བཅོ་ལྔ) རྩ་འཛུགས་དང་མགོ་ཁྲིད་ལ་ཤུགས་བསྣན་དགོས། ཀྲུང་དབྱང་གིས་གཅིག་གྱུར་འཆར་འགོད་དང་ཞིང་ཆེན་གྱིས་སྤྱི་འགན་ཁུར་བ། གྲོང་ཁྱེར་དང་ཁུལ་རྫོང་གིས་དོན་འཁྱོལ་བྱེད་པ། མང་ཚོགས་ཐེ་ཞུགས་བྱེད་པ་བཅས་ཀྱི་བྱ་བའི་རྐྱེན་སྲོལ་ལྟར་ཞིང་ཆེན་སྲིད་གཞུང་གི་གཅིག་གྱུར་གྱི་མགོ་ཁྲིད་འོག་ཏུ་མཐུན་སྦྱོར་ངང་སྐུལ་འདེད་ཀྱི་རྐྱེན་སྲོལ་བཙུགས་ནས། ཆེད་ལས་མི་སྣ་བཀོད་སྒྲིག་དང་ལག་རྩལ་འདེགས་སྐྱོར་ལ་ཤུགས་སྣོན། མ་དངུལ་གཏོང་འཇོག་ལ་འགན་སྲུང་སོགས་ཀྱི་བྱ་བ་གཅིག་གྱུར་འཆར་འགོད་ཀྱིས་ལེགས་སྒྲུབ་བྱ་དགོས། གྲོང་ཁྱེར་དང་ཁུལ་རྫོང་གིས་སྲིད་གཞུང་གི་མགོ་ཁྲིད་དང་པོས་སྤྱི་འགན་ཁུར་བ་དང་། ལས་བགོས་འགན་གཉེར་མགོ་ཁྲིད་ཀྱིས་ཐད་ཀར་འགན་ཁུར་བའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་ཅིང་། རྫོང་རིམ་པའི་བྱེད་པོའི་འགན་འཁྲི་དངོས་གནས་དོན་འཁྱོལ་བྱས་ཏེ་ངོས་འཛིན་དང་འགན་འཁྲི། བྱ་བ་བཅས་གནད་ལ་འཁེལ་བར་བྱ་དགོས། ཞིང་ལས་ཞིང་སྡེ་སྡེ་ཁག་གིས་ཞིང་ས་འཛུགས་སྐྲུན་ལ་གཅིག་བསྡུས་དང་གཅིག་གྱུར་གྱིས་དོ་དམ་བྱེད་པའི་འགན་འཁྲི་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་རྩ་འཛུགས་དང་མི་སྣ། ལམ་ལུགས་བཅས་ལ་འགན་སྲུང་ཡོད་པར་བྱ་དགོས། འཕེལ་རྒྱས་བཅོས་སྒྱུར་དང་ནོར་སྲིད། རང་བྱུང་ཐོན་ཁུངས། ཆུ་བེད། མི་དམངས་དངུལ་ཁང་། དངུལ་ཁང་འགན་བཅོལ་ལྟ་སྐུལ་སོགས་འབྲེལ་ཡོད་སྡེ་ཁག་གིས་ལས་བགོས་འགན་འཁྲི་ལྟར་འཆར་འགོད་མཛུབ་སྟོན་དང།མ་དངུལ་གཏོང་འཇོག རྨོ་ཞིང་གསར་དུ་བསྣན་པར་ཞིབ་བཤེར་གཏན་འབེབས། ཆུའི་ཐོན་ཁུངས་བེད་སྤྱོད་དང་དོ་དམ། དངུལ་རྩས་རྒྱབ་སྐྱོར་སོགས་ཀྱི་ཐད་ནས་གཞོགས་འདེགས་དམ་ཟབ་བྱས་ཏེ་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏང་དགོས། (ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་ཆུ་བེད་ཐིན། མི་དམངས་དངུལ་ཁང་གི་ཟི་ལིང་ལྟེ་གནས་ཡན་ལག་དངུལ་ཁང། མཚོ་སྔོན་དངུལ་ཁང་འགན་བཅོལ་ལྟ་སྐུལ་ཅུས་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས།)

(བཅུ་དྲུག) མ་དངུལ་གཏོང་ཤུགས་ཇེ་ཆེར་གཏང་དགོས། ས་གནས་སོ་སོས་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་གྱི་ནོར་སྲིད་ཀྱི་གཏོང་འཇོག་འགན་སྲུང་ལམ་ལུགས་འཐུས་ཚང་དུ་བཙུགས་ཏེ། ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་དེ་དོན་དག་གཙོ་བོར་བཟུང་ནས་ནོར་སྲིད་ཀྱི་གཏོང་འཇོག་དེ་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་གྱི་དམིགས་འབེན་ལས་འགན་དང་འཚམ་པར་ལུགས་མཐུན་སྒོས་འགན་སྲུང་བྱ་དགོས། ནོར་སྲིད་ཀྱི་དོན་གཅོད་དབང་མཚམས་འབྱེད་པ་ལྟར་རིམ་པ་སོ་སོའི་ནོར་སྲིད་ཀྱི་འགྲོ་སོང་གཏོང་བའི་འགན་འཁྲི་དོན་འཁྱོལ་བྱེད་ཅིང། ནོར་སྲིད་མ་དངུལ་གྱི་ཁྲིད་སྟོན་ནུས་པ་དང་སྲིད་ཇུས་ཀྱི་ཡར་སྐུལ་ནུས་པ་འདོན་སྤེལ་བྱས་ནས་དངུལ་རྩ་དང་སྤྱི་ཚོགས་ཀྱི་མ་རྩ་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ཐད་ལ་གཏོང་བར་སྐུལ་འདེད་བྱེད་པ་དང་། བུ་ལོན་གྲངས་བཅད་ནང་སྲིད་གཞུང་གི་བུན་འཛིན་འགྲེམ་སྤེལ་བྱས་ཏེ་སྤྱི་ཕན་རང་བཞིན་དང་མ་རྩ་རང་བཞིན་གྱི་ཆ་རྐྱེན་དང་མཐུན་པའི་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པར་འཚོལ་ཞིབ་བྱས་ནས། ས་ཞིང་གི་དམིགས་ཚད་ཞིང་ཆེན་གྱི་ས་ཁོངས་ལས་བརྒལ་ཏེ་སྙོམ་སྒྲིག་བྱས་པའི་ཁེ་སྤོགས་དེ་གཏན་འབེབས་ལྟར་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་གྱི་ཐད་ལ་གཏོང་འཇོག་བྱེད་པ་དང་། ཞིང་ཆེན་གྱི་ས་ཁོངས་ནང་གི་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་གྱི་གསར་དུ་བསྣན་པའི་རྨོ་ཞིང་གི་དམིགས་ཚད་སྙོམ་སྒྲིག་བྱས་པའི་ཁེ་སྤོགས་དེ་དམིགས་སུ་བཀར་ནས་སྔོན་ལ་ཞིང་ས་འཛུགས་སྐྲུན་གྱི་ཐད་ལ་གཏོང་འཇོག་དང་། བུན་འཛིན་འཇལ་སྤྲོད། དངུལ་བུན་གྱི་སྐྱེད་ཀ་ཁ་གསབ་སོགས་ལ་བེད་སྤྱད་དགོས། (ཞིང་ཆེན་ནོར་སྲིད་ཐིན་དང། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། མི་དམངས་དངུལ་ཁང་གི་ཟི་ལིང་ལྟེ་གནས་ཡན་ལག་དངུལ་ཁང་། མཚོ་སྔོན་དངུལ་ཁང་འགན་བཅོལ་ལྟ་སྐུལ་ཅུས་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས།)

(བཅུ་བདུན) ལས་ཕྱོད་དང་བྱས་འབྲས་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་གཏང་དགོས། འདོམས་ཁོངས་ཀྱི་འགན་འཁྲིའི་ལམ་ལུགས་གཟབ་ནན་གྱིས་ལག་ཏུ་བསྟར་ཏེ་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་གྱི་ལས་འགན་དམིགས་འབེན་ལ་དཔྱད་ཞིབ་དང་། ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ལ་གདེང་འཇོག་ཡར་སྐུལ། ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་གྱི་ལས་གཞི་སྙོམ་སྒྲིག་བཅས་ཀྱི་ལམ་ལུགས་གཟུགས་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་བྱས་འབྲས་དང་ལས་ཕྱོད་དམིགས་འབེན་གཏན་འབེབས་བྱེད་ཅིང་། བྱས་འབྲས་དང་ལས་ཕྱོད་ཀྱི་གདེང་འཇོག་བྱ་བ་ལེགས་པོར་སྒྲུབ་པ་དང་། དམིགས་འབེན་ལ་དཔྱད་ཞིབ་དང་ལས་གཞི་ལག་བསྟར་གྱི་འཕེལ་རིམ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ཐོག མཇུག་འབྲས་བེད་སྤྱོད་བྱེད་ཤུགས་ཇེ་ཆེར་བཏང་སྟེ་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་གྱི་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱས་ཏེ། འབྲུ་རིགས་ཐོན་སྐྱེད་ཀྱི་ནུས་པ་ཇེ་དྲག་ཏུ་འགྲོ་བར་ཁག་ཐེག་བྱ་དགོས། (ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་ནོར་སྲིད་ཐིན་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས།)


མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
2020ལོའི་ཟླ1པོའི་ཚེས23ཉིན།