མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་དང་བོད་སྨན་སྨན་ལས་ལས་རིགས་ཀྱི་སྨན་རྫས་དཔྱད་ཞིབ་ཚད་ལེན་སྐོར་གྱི་ལག་རྩལ་འགྲན་སྡུར་ཆེན་པོ་ཟི་ལིང་དུ་སྤེལ་བ།

མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་སོག་བོད་སྨན་ཁང་གི་འགྲན་ཞུགས་པ་དབྱངས་ཅན་ལྷ་མོས་གསར་འགོད་པར“ཐེངས་འདིའི་ལག་རྩལ་འགྲན་སྡུར་བརྒྱུད་ནས་ལས་རིགས་གཅིག་པའི་བར་བརྗེ་སྤེལ་མང་པོ་བྱས་ནས་རང་ཉིད་ཀྱི་ལས་ཀའི་ནུས་པ་མཐོར་འདེགས་སུ་གཏང་བར་རེ་བའི་ཡོད”ཟེར།

ཉིན་དེར་མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་དྲུག་པ་དང་། ཟི་ལིང་གྲོང་ཁྱེར་གྱི་སྐབས་བཅོ་ལྔ་བའི་ལས་བཟོ་བའི་ལས་རིགས་ལག་རྩལ་འགྲན་སྡུར་ཆེན་པོ་དང་། ཞིང་ཆེན་ཡོངས་ཀྱི་ཀྲུང་ལུགས་དང་བོད་སྨན་བཟོ་ལས་ལས་རིགས་ཀྱི་སྨན་རྫས་དཔྱད་ཞིབ་ཚད་ལེན་གྱི་ལག་རྩལ་འགྲན་སྡུར་ཆེན་པོ་གཉིས་ཨ་རུ་བོད་སྨན་མ་རྐང་ཚད་ཡོད་ཀུང་སིར་སྤེལ་ཞིང་། མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་སོ་སོ་ནས་ཡོང་བའི་འགྲན་ཞུགས་པ73ཐེངས་འདིའི་ལག་རྩལ་འགྲན་སྡུར་ཁྲོད་ཞུགས་ཡོད་པ་རེད།

ངོ་སྤྲོད་ལྟར་ན། ཐེངས་དེའི་འགྲན་སྡུར་ཆེན་པོའི་ནང་དོན་ལ་སྨན་རྫས་དཔྱད་ཞིབ་ཚད་ལེན་དབྱེ་ཞིབ་ལག་རྩལ་དང་། བོད་སྨན་གྱི་རྒྱུ་ཆ་དབྱེ་འབྱེད། སྨན་རིལ་བཟོ་ཐབས། སྒམ་བླུགས་སྐུད་སྦྲེལ་བཟོ་ཆས་བརྗེ་སྤོར་བཅས་བཟོ་ཐབས་མི་གཅིག་པ་རིགས་བཞིའི་ལག་རྩལ་འགྲན་སྡུར་བཀོད་སྒྲིག་བྱས་ནས་ཉིན་གསུམ་ལ་སྤེལ་ཡོད་ཅིང་། དེའི་རིང་ལ་གཞུང་ལུགས་ཟབ་སྦྱོང་དང་། གཞུང་ལུགས་རྒྱུགས་ལེན། ལག་རྩལ་ལག་ལེན་བཅས་ཁག་གསུམ་ཕྱེ་བ་ལས། གཞུང་ལུགས་ཟབ་སྦྱོང་གི་ནང་དུ《ཀྲུང་གོའི་སྨན་གཞུང》དང《སྨན་རྫས་ཐོན་སྐྱེད་ལྟ་སྐུལ་དོ་དམ་བྱེད་ཐབས》 སོགས་གཞུང་ལུགས་དང་ཁྲིམས་སྲོལ་གཙོར་བཟུང་ནས་འཁྲིད་ཡོད་པ་དང་། གཞུང་ལུགས་རྒྱུགས་ལེན་གྱི་ནང་གཙོ་བོར་འགྲན་ཞུགས་པའི་སྨན་རྫས་ཐོན་སྐྱེད་ཀྱི་རྒྱུ་སྤུས་དང་འབྲེལ་བའི་ཤེས་བྱའི་བྱང་ཚད་དང་བཀོལ་སྤྱོད་བྱེད་སྟངས་ལ་རྟོག་ཞིབ་བྱས། ལག་རྩལ་ལག་ལེན་གྱི་ནང་གཙོ་བོ་འགྲན་ཞུགས་པའི་ཐོན་རྫས་སྤུས་དག་མིན་ལ་དཔྱད་ཞིབ་ཚད་ལེན་བྱེད་པའི་ནུས་པར་རྟོག་ཞིབ་བྱས། མཐར་འགྲན་ཞུགས་པ 16ལ་ཐེངས་འདིའི་འགྲན་སྡུར་གྱི“ལག་རྩལ་རྩེ་གྲ”དང“ལག་རྩལ་སྐར་ཆེན”“ལག་རྩལ་མཁས་པ”སོགས་ཀྱི་མཚན་སྙན་གནང་།

ཟི་ལིང་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཏང་ཙུའུ་ཁོངས་མི། ཀྲུའུ་ཞི་གཞོན་པ་ཝུའུ་ཅིན་ཕིན་གྱིས་བཤད་རྒྱུར། ཉེ་བའི་ལོ་འདི་འགའི་རིང་། མཚོ་སྔོན་སྐྱེ་དངོས་སྨན་ལས་ཐོན་ལས་ཀྱི“མཚོ་སྔོན་གསར་གཏོད”ཉིན་བཞིན་ཡར་རྒྱས་བྱུང་བ་མངོན་གསལ་དུ་གྱུར་ནས་རང་ཞིང་གི་བཟོ་ལས་གོང་སྤེལ་ལ་སྐུལ་འཁྲིད་ཀྱི་ནུས་པ་མི་དམན་པ་ཐོན་བཞིན་ཡོད། ལྷག་པར་དུ“ ཨ་རུ” དང་“ཅིན་ཀྲུའུ”ལྟ་བུའི་ཀྲུང་གོའི་ཚོང་རྟགས་གྲགས་ཅན་སྐོར་ཞིག་བྱུང་ཞིང་། དེ་དག་གི་ཐོན་རྫས་མང་པོ་མི་རྣམས་ཀྱི་འཚོ་བའི་ཁྲོད་སིམ་ཡོད་པའི་མི་ཚད། མ་བཅོས་རྒྱུ་ཆ་ཐོན་སྐྱེད་དང་། ཐོན་རྫས་གསར་སྤེལ། ལས་སྣོན། བྲིན་འཚོང་སོགས་ཐོན་ལས་ཀྱི་རིམ་པ་མང་པོ་ཞིག་གི་ནང་དུའང་མི་མང་པོ་ཞུགས་ཡོད་པས། ཁྱད་ཆོས་ཅན་གྱི་སྐྱེ་དངོས་ཐོན་ཁུངས་དང་། ཀྲུང་ལུགས་དང་བོད་སྨན་རྫས་ཀྱི་གཙོ་ཁྲིད་ཐོན་ལས་ཀྱི་གོ་གནས་དང་གཅིག་འདུས་ཕན་འབྲས་བཅས་ཀྱི་ངེས་ལེན་དང་ཕན་ནུས་མངོན་གསལ་དུ་གྱུར་ཡོད་ཟེར།

ཝུའུ་ཅིན་ཕིན་གྱིས་བཤད་རྒྱུར། ཐེངས་འདིའི་ཞིང་ཆེན་རིམ་པའི་འགྲན་སྡུར་ཆེན་པོ་ནི། དུས་རབས་གསར་པའི་ཐོན་ལས་བཟོ་ལས་དཔུང་སྡེ་བཅོས་སྒྱུར་དང་ཚོགས་པའི་བར་གྱི་མཉམ་ལས་དར་སྤེལ་ལ་སྐུལ་སྤེལ་བྱ་བའི་བྱེ་བྲག་གི་བྱེད་ཐབས་ཤིག་རེད་ལ། གཙོ་བོར་སྐྱེ་དངོས་སྨན་ལས་ཁེ་ལས་ཀྱི་ཕུལ་བྱུང་ལག་རྩལ་འཇོན་མི་འདེམ་གསེས་དང་སྐྱེད་སྲིང་། ཁེ་ལས་ཀྱི་ལག་རྩལ་དང་ནུས་པ་མཐོར་འདེགས། རྒྱ་ཆེའི་ལས་བཟོ་བས་ལག་རྩལ་ཐད་ནས་དཔྱད་སྡུར་དང་ཉམས་མྱོང་རྗེས་རེས། ལག་རྩལ་མཐོར་འདེགས། འཇོན་ཐང་ངོམ་པ་བཅས་ཀྱི་ཆེད་དུ་བསྐྲུན་པའི་སྟེགས་བུ་ཞིག་ཡིན་པར་མ་ཟད། ཕུགས་འདུན་ཡོད་ཅིང་དད་སེམས་བརྟན་པ། ལག་རྩལ་ལ་བྱང་ཆ་ལྡན་ཞིང་གསར་གཏོད་ལ་མཁས་པ། ཁག་འགན་དང་ལེན་དང་བྱས་རྗེས་ལ་བརྩི་མཐོང་ཆེ་བའི་འཇོན་མི་གསོ་སྐྱོང་ལ་བརྩོན་ལེན་དང་། ཁེ་ལས་ཀྱི་ལག་རྩལ་འཇོན་མི་སྐྱེད་སྲིང་མ་ལག་འཐུས་ཚང་དུ་བཏང་ནས་ལས་རིགས་སྐྱོན་བྲལ་ངང་ནས་གོང་དུ་སྤེལ་བར་དོན་སྙིང་གལ་ཆེན་ལྡན་ཟེར།

ཁོན་ཐར་འཚོས་བསྒྱུར།