ལག་ཤེས་བཟོ་རྩལ་དགའ་མོས་མཁན30ཡིས་ཤོག་དྲས་རྩལ་ནུས་འགྲན་སྡུར་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ9ཚེས7ཉིན་ནས་ཚེས11ཉིན་བར། ཟི་ལིང་གྲོང་ཁྱེར་གྱིས“ལག་ཤེས་བཟོ་རྩལ་རྒྱུན་འཛིན་བྱེད་པ།” “ཤུལ་བཞག+སྒྱུ་རྩལ་གྱི་རིག་གནས”དང་བླངས་ཞབས་ཞུའི་འཆད་ཁྲིད་ཆེན་མོས་ཤོག་དྲས་གསབ་སྦྱོང་འཛིན་གྲྭ་དེ་ཧྲན་ཧྲན་ཚོམས་ཆེན་དུ་བསྡུས་པ་དང་། ཟི་ལིང་གྲོང་ཁྱེར་གྱི་ཤོག་དྲས་གཟུགས་འདས་ཤུལ་བཞག་རྣམ་གྲངས་ཀྱི་རྒྱུན་འཛིན་པ་དང་། རིག་གནས་དང་བླངས་པ་སོགས་ལག་ཤེས་བཟོ་རྩལ་ལ་མོས་འདུན་ཆེ་བའི་མི་གྲངས30ཡིས་དུས་མཉམ་དུ་ཤོག་དྲས་རྩལ་ནུས་འགྲན་སྡུར་བྱས།

ཤོག་དྲས་གསབ་སྦྱོང་གི་སྐབས་སུ་གྲོང་ཁྱེར་རིག་གནས་ཁང་གིས་ཆེད་མཁས་པའི་འཆད་ཁྲིད་དང་དོན་དངོས་ལག་ཤེས་ཀྱི་སློབ་ཁྲིད་སོགས་ཀྱི་བྱ་འགུལ་སྤེལ་ནས། ཤོག་དྲསས་དགའ་མོས་མཁན་དག་ལ་ཤོག་དྲས་གསར་བཟོའི་ཐབས་རྩལ་དང་རྨང་གཞིའི་སློབ་ཁྲིད། རི་མོའི་སྒྲིག་གཞིའི་ཐབས་ལམ། ཤོག་དྲས་བརྐོས་རིས་སོགས་ངོ་སྤྲོད་བྱས། ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་ཆབས་ཅིག ཤོག་དྲས་ཀྱི་ནང་དོན་རྒྱུན་མཐུད་ཇུས་འགོད་དང་གསར་བཟོའི་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། སྲོལ་རྒྱུན་ལག་ཤེས་བཟོ་རྩལ་དེ་དེང་རབས་འཚོ་བའི་ཁྲོད་ཞུགས་པར་སྐུལ་འདེད་བཏང་།

ཟླ9ཚེས9ཉིན་གྱི་སྔ་དྲོར། ཤོག་དྲས་གསབ་སྦྱོང་གི་དོན་དངོས་སློབ་ཁྲིད་སྐབས་སློབ་མ་དག་གིས་ཁེ་གྲི་དང་ཤོག་དམར་བཟུང་སྟེ་དགེ་རྒན་གྱི་མཛུབ་སྟོན་འོག་བྲེལ་བྲེལ་འཚུབ་འཚུབ་ངང་ལས་ལ་བརྩོན་བཞིན་ཡོད། སློབ་ཁྲིད་གྲོལ་ལ་ཉེ་དུས་ཕྱེ་ལེབ་དང་མེ་ཏོག་སོགས་ཀྱི་ཤོག་དྲས་བརྩམས་ཆོས་རེ་རེ་བཞིན་ཡོངས་འགྲུབ་བྱུང་ཡོད། སློབ་མ་དག་གིས་འཕྲོ་རིམ་འཕྲོར་བསྟན་དོན། ཐེངས་འདིའི་ཤོག་དྲས་གསབ་སྦྱོང་འཛིན་གྲྭ་ལ་སློབ་ཁྲིད་སྒྲིག་འཛུགས་ཐད་ཁ་གཏད་རང་བཞིན་ལྡན་པ་མ་ཟད། བརྩམས་ཆོས་ཁྲོད་དུ་ཡང་མཚོ་སྔོན་གྱི་གཞི་རྒྱུ་མཉམ་བསྲེས་བྱས་ཡོད། སློབ་མ་དག་གིས་སློབ་ཁྲིད་སྐབས་སུ་ཤོག་དྲས་སྒྱུ་རྩལ་གྱི་འགུག་ཤུགས་ཉམས་ལེན་བྱས་པ་མ་ཟད། མཚོ་སྔོན་གྱི་ས་ཁུལ་སོ་སོའི་ཤོག་དྲས་ཀྱི་རྨང་གཞིའི་ཤེས་བྱ་དང་རྩལ་ནུས་ལ་ཡང་རྒྱུས་ལོན་ཟབ་མོ་བྱས་ཡོད།

ཟི་ལིང་གྲོང་ཁྱེར་རིག་གནས་ཁང་གི་འབྲེལ་ཡོད་འགན་ཁུར་མི་སྣས་བསྟན་དོན། ལོ་འདི་དག་གི་རིང་། ཟི་ལིང་གྲོང་ཁྱེར་རིག་གནས་ཁང་གིས་རིག་གནས་དང་བླངས་ཞབས་ཞུའི་འཆད་སྟེགས་ཆེན་མོའི་ཞིང་བའི་རི་མོའི་གསབ་སྦྱོང་དང་ཤོག་དྲས་གསབ་སྦྱོང་སོགས་ཀྱི་བྱ་འགུལ་སྤེལ་ནས། སྤྱི་གཞུང་ཞབས་ཞུའི་ཆུ་ཚད་ལ་ལེགས་བཅོས་བྱས་ཤིང་། གསབ་སྦྱོང་བྱ་འགུལ་བརྒྱུད་རིག་གནས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེས་མི་དམངས་ལ་ཕན་བདེ་བསྐྲུན་པ་མ་ཟད། རིག་གནས་དང་བླངས་ཞབས་ཞུའི་བྱ་བ་དེ་ཡང་ཉིན་རྒྱུན་འཚོ་བའི་ཁྲོད་སིམ་དུ་བཅུག་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།