སློབ་གསོ་པུའུ་ཡིས་གྲོན་དངུལ་འདི་དག་བསྡུ་མི་ཆོག་པར་བཟོས་འདུག

ཉེ་ཆར། སློབ་གསོ་པུའུ་སོགས་སྡེ་ཚན་ལྔས《སློབ་གསོའི་གྲོན་དངུལ་བསྡུ་བའི་དོ་དམ་ལ་སྔར་ལས་ཤུགས་སྣོན་རྒྱག་པ་དང་ཚད་ལྡན་དུ་གཏང་རྒྱུའི་སྐོར་གྱི་བསམ་འཆར》གྱི་བརྡ་ཐོ(བསྡུས་མིང་ལ《བརྡ་ཐོ》) དཔར་འགྲེམས་བྱས་པ་དང་། ས་གནས་སོ་སོས་གཏན་འབེབས་བྱས་པའི་དོ་དམ་དབང་ཚད་གཞིར་བཟུང་སྟེ་སློབ་གསོའི་གྲོན་དངུལ་བསྡུ་བའི་དོ་དམ་གྱི་འགན་འཁྲི་གཙོ་བོ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། སྲིད་གཞུང་དང་སྤྱི་ཚོགས། སློབ་གསོ་མྱོང་མཁན་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱ་དགོས་པ་དང་། སློབ་གསོའི་གྲོན་དངུལ་བསྡུ་བ་དང་ནོར་སྲིད་ནས་མ་དངུལ་གཏོང་བ། སློབ་མར་རོགས་དངུལ་སྤྲོད་པ་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག སྲིད་བསྡུ་དབང་གཏོང་དང་གློད་སྡོམ་ཟུང་འབྲེལ། ཞབས་ཞུ་ལེགས་སྒྱུར་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། སློབ་གསོའི་གྲོན་དངུལ་བསྡུ་བའི་སྲིད་ཇུས་མ་ལག་དང་ལམ་ལུགས་ཀྱི་མ་ལག ལྟ་སྐུལ་དོ་དམ་མ་ལག་བཅས་སྔར་ལས་འཐུས་ཚང་དུ་བཏང་ནས་སློབ་གསོའི་གྲོན་དངུལ་བསྡུ་བའི་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

1.གཞུང་གཉེར་འོས་འགན་སློབ་གསོའི་སློབ་གྲྭས་སློབ་ཡོན་དང་འབྲེལ་ཡོད་ཀྱི་གྲོན་དངུལ་གཞན་དག་བསྡུ་མི་ཆོག

ལོ་དགུའི་འོས་འགན་སློབ་གསོའི་ལམ་ལུགས་ལག་བསྟར་རྒྱུན་འཁྱོངས་བྱ་དགོས། འོས་འགན་སློབ་གསོ་ཕྱོགས་ཡོངས་ནས་ནོར་སྲིད་ཀྱི་འགན་སྲུང་བྱེད་ཁོངས་སུ་བཅུག་སྟེ། གཞུང་གཉེར་འོས་འགན་སློབ་གསོའི་སློབ་གྲྭས་སློབ་ཡོན་དང་འབྲེལ་ཡོད་ཀྱི་གྲོན་དངུལ་གཞན་དག་བསྡུ་མི་ཆོག ས་གནས་ཁག་གིས་འོས་འགན་སློབ་གསོའི་བཅའ་ཁྲིམས་ལག་བསྟར་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་གྲོན་དངུལ་འགན་སྲུང་སྲ་བརྟན་དང་འཐུས་ཚང་དུ་གཏང་དགོས། ལོ་དགུའི་འོས་འགན་སློབ་གསོའི་ལམ་ལུགས་ལག་བསྟར་མཐའ་འཁྱོངས་བྱ་དགོས་པ་ལས། རིན་མེད་སློབ་གསོའི་སྲིད་ཇུས་ལག་བསྟར་བྱེད་ཁོངས་གང་འདོད་དུ་རྒྱ་བསྐྱེད་པར་གཏན་འགོག་བྱ་དགོས།

དམངས་སྒྲུབ་འོས་འགན་སློབ་གསོའི་སློབ་གྲྭའི་སློབ་མར་འབྲེལ་ཡོད་ཀྱི་གྲོན་དངུལ་ཇེ་ཡང་དང་མེད་པར་གཏང་རྒྱུའི་ཚད་གཞི་དེ་སློབ་མ་རེའི་ཆ་སྙོམས་སྤྱི་སྤྱོད་གྲོན་དངུལ་གྱི་ཚད་གཞིའི་བཅད་གྲངས་ལྟར་ལག་བསྟར་བྱ་རྒྱུ། སློབ་མ་ཚང་མར་སློབ་གསོ་དང་གསོ་སྐྱོང་གི་མ་གནས་མི་འདང་བར་ཁེ་གཉེར་རང་བཞིན་མ་ཡིན་པའི་ཁྲིམས་བཀོད་ཀྱི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ནས་གྲོན་དངུལ་བསྡུ་བའི་ཚད་གཞི་གཏན་འཁེལ་ལུགས་མཐུན་བྱ་དགོས། སློབ་བསྡུ་དང་སློབ་ཞུགས་ཟུང་འབྲེལ་བྱེད་པའི་སློབ་ཞུགས་རོགས་དངུལ་བསྡུ་བའི་རིགས་གཏན་འགོག་བྱ་དགོས། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མ་བསྡུས་ནས། རིག་རྩལ་དང་ལུས་རྩལ་སོགས་ཆེད་ལས་སྦྱོང་བརྡར་བྱེད་པའི་སློབ་གྲྭའམ་སྤྱི་ཚོགས་ཀྱི་རྩ་འཛུགས་གཞན་དག་གིས་བསྡུ་ལེན་བྱས་པའི་འབྲེལ་ཡོད་ཀྱི་སློབ་ཡོན་དང་གྲོན་དངུལ་གཞན་དག་ནང་། སློབ་མས་ལོ་དགུའི་འོས་འགན་སློབ་གསོའི་བསླབ་ཚན་ཡོངས་འགྲུབ་བྱས་པར་གཏན་འབེབས་ལྟར་མེད་པར་བཟོས་པའི་འབྲེལ་ཡོད་ཀྱི་སློབ་ཡོན་དང་གྲོན་དངུལ་གཞན་དག་ཚུད་མེད།

2.སློབ་གྲྭས་བཙན་ཤེད་དང་ལྐོག་ནས་དམིགས་འཛུགས་སྒོས་དཔྱད་གཞིའི་རྒྱུ་ཆ་ཉོ་བ་སོགས་བྱ་མི་ཆོག

སློབ་གྲྭས་རྒྱུན་ལྡན་གྱི་བྱིས་གསོ་དང་བསླབ་བྱ་སློབ་ཁྲིད་ཀྱི་ལས་འགན་ལེགས་འགྲུབ་བྱེད་པ་ཕུད། སློབ་གྲྭར་ཡོད་པའི་སློབ་མར་སློབ་སྦྱོང་དང་འཚོ་བར་མཁོ་བའི་འབྲེལ་ཡོད་སྟབས་བདེའི་ཞབས་ཞུ་མཁོ་འདོན་བྱེད་པ་དང་། དེ་བཞིན་ཞིབ་འཇུག་སློབ་སྦྱོང་ཡུལ་སྐོར་དང་སློབ་ཁྲིད་གྲོལ་རྗེས་ཀྱི་ཞབས་ཞུ། སྤྱི་ཚོགས་ཀྱི་ལག་ལེན་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་སྒྲིག་འཛུགས་བྱ་དགོས། སློབ་མ་དང་ཡང་ན་སློབ་མའི་ཁྱིམ་བདག་གིས་འགན་འཁུར་བའི་ཆ་ཤས་ལ་རང་མོས་དང་ཁེ་གཉེར་མིན་པའི་རྩ་དོན་གཞིར་བཟུང་ཞབས་ཞུའི་རང་བཞིན་གྱི་གྲོན་དངུལ་བསྡུ་ཆོག འབྲེལ་ཡོད་ཞབས་ཞུ་དེ་སློབ་གྲྭ་ཕུད་པའི་སྒྲིག་གཞིའམ་ཡང་ན་མི་སྒེར་གྱིས་མཁོ་འདོན་བྱས་ཚེ་སློབ་གྲྭས་འབྲེལ་ཡོད་གྲོན་དངུལ་ཚབ་ལེན་དང་ཚབ་སྤྲོད་བྱ་ཆོག སློབ་གྲྭས་ཞབས་ཞུའི་རང་བཞིན་ལྡན་པའི་གྲོན་དངུལ་བསྡུ་བ་དང་། གྲོན་དངུལ་ཚབ་བསྡུའི་སྲིད་ཇུས་ཞིབ་ཕྲ་ཞིང་ཆེན་ཁག་གིས་གཏན་འབེབས་བྱ་རྒྱུ།

རྒྱལ་ཁབ་ཀྱིས་བཀག་སྡོམ་བཀའ་རྒྱ་གསལ་སྒྲོག་བྱས་པའམ། ཡང་ན་ནོར་སྲིད་ཀྱིས་འགན་སྲུང་བྱ་རྒྱུའི་གཏན་འབེབས་ཁ་གསལ་བྱས་པའི་རྣམ་གྲངས་ལ་ཞབས་ཞུའི་རང་བཞིན་ལྡན་པའི་གྲོན་དངུལ་བསྡུ་བའམ་གྲོན་དངུལ་ཚབ་བསྡུ་བྱ་མི་ཆོག སློབ་གྲྭས་གང་དགར་ཞབས་ཞུའི་རང་བཞིན་ལྡན་པའི་གྲོན་དངུལ་བསྡུ་བ་དང་གྲོན་དངུལ་ཚབ་བསྡུའི་རྣམ་གྲངས་བཙུགས་མི་ཆོག གྲོན་དངུལ་ཚབ་ལེན་བྱེད་པའི་ཁྲོད་གྲོན་དངུལ་ཁྱད་ལེན་བྱ་མི་ཆོག་པ་དང་། སློབ་མ་དང་ཁྱིམ་བདག་ལ་བཙན་ཤེད་དང་ལྐོག་ནས་དམིགས་འཛུགས་སྒོས་དཔྱད་གཞིའི་རྒྱུ་ཆ་ཉོ་རུ་འཇུག་མི་ཆོག སྔ་སྣུར་གྱིས་སློབ་འགོ་ཚུགས་པ་སོགས་ཀྱི་རྣམ་པའམ་ཡང་ན་རྣམ་པ་འགྱུར་བའི་སྒྲིག་འགལ་གསབ་ཁྲིད་བརྒྱུད་ནས་འབྲེལ་ཡོད་ཀྱི་འགྲོ་གྲོན་སྣོན་བསྡུ་བྱ་མི་ཆོག སློབ་གྲྭའི་ནང་གི་སློབ་མའི་ཉལ་ཁང་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀྱིས་གཉེར་བའི་སློབ་ཕྱིའི་སློབ་མའི་ལས་ཤག་ཚང་མས་བཙན་ཤེད་ངང་འབྲེལ་ཡོད་འཚོ་བའི་ཞབས་ཞུ་མཁོ་འདོན་བྱེད་པའམ་ཡང་ན་ཞབས་ཞུའི་རང་བཞིན་གྱི་གྲོན་དངུལ་དང་ཞག་སྡོད་གྲོན་དངུལ་བསྡུ་མི་ཆོག སློབ་གྲྭས་རང་བདག་གིས་གཉེར་སྐྱོང་བྱེད་པའི་ཟ་ཁང་ནས་རང་མོས་ཀྱིས་ཟ་མ་ཟ་བའི་སློབ་མའི་ལག་ནས་ཟས་རིན་ལེན་དུས་སྤྱི་ཕན་རང་བཞིན་གྱི་རྩ་དོན་རྒྱུན་འཁྱོངས་བྱ་དགོས་པ་ལས་ཁེ་བཟང་ཐོབ་ཐབས་བྱ་རྒྱུ་དམིགས་ཡུལ་དུ་བཟུང་མི་ཆོག

3.སློབ་སྐབས་རྗེས་མའི་སློབ་ཡོན་དང་མལ་ཁང་གི་གྲོན་དངུལ་སྔོན་ལ་བསྡུ་མི་ཆོག

ས་གནས་སོ་སོས་གཏན་ལ་ཕབ་པའི་དོ་དམ་དབང་ཆ་དང་ཁོངས་གཏོགས་ས་ཆའི་དོ་དམ་རྩ་དོན་ལྟར། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད། སློབ་གསོ་དང་གསོ་སྐྱོང་མ་གནས། མང་ཚོགས་ཀྱི་ཆ་རྐྱེན་ཆེ་ཆུང་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་ཀྱིས་བསམ་གཞིགས་བྱས་ཏེ། གཞུང་གཉེར་སློབ་གྲྭའི་སློབ་ཡོན(བྱིས་གསོ་སློབ་གསོའི་གྲོན་དངུལ)དང་ཞག་སྡོད་གྲོན་དངུལ་སོགས་རིན་དངུལ་བསྡུ་བའི་ཚད་གཞི་གཏན་འཁེལ་ལུགས་མཐུན་བྱ་དགོས། གྲོན་དངུལ་གཏོང་བ་དང་རོགས་དངུལ་སྤྲོད་ཚད་སོགས་དང་མཐུན་པའི་དངུལ་བསྡུའི་ཚད་གཞིའི་འགུལ་རྣམ་ལེགས་སྒྲིག་བྱ་དགོས། སློབ་གྲྭས་གྲོན་དངུལ་བསྡུ་བའི་སྲིད་ཇུས་ལ་འགྱུར་ལྡོག་བྱུང་ཚེ། སློབ་བསྡུའི་སྒྲིག་ཡིག་མདོར་བསྡུས་ཡོངས་བསྒྲགས་མ་བྱས་གོང་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱ་དགོས། ས་གནས་ཁག་གིས་ལྡེམ་ཤུགས་རང་བཞིན་གྱི་སློབ་ཡུན་འོག་གི་སློབ་ཁྲིད་རྩ་འཛུགས་བྱེད་སྟངས་དང་མཐུན་པར་སྐུལ་འདེད་དང་། མཐོ་རིམ་སློབ་གྲྭའི་སློབ་སྐར་ལམ་ལུགས་ཀྱི་གྲོན་དངུལ་བསྡུ་བའི་དོ་དམ་འཚོལ་ཞིབ་དང་ལག་བསྟར་བྱ་དགོས། སློབ་སྐར་ལམ་ལུགས་ལག་ལེན་དུ་བསྟར་བར་ཆོག་མཆན་ཐོབ་པའི་སློབ་གྲྭས་གྲོན་དངུལ་བསྡུ་བའི་སློབ་གྲྭ་དང་སློབ་མའི་སློབ་སྐར་ལམ་ལུགས་ཀྱི་གསོ་སྐྱོང་ཇུས་གཞི་ལྟར། རྒྱུན་ལྡན་གྱི་སློབ་རིམ་ལེགས་འགྲུབ་བྱེད་པར་སྤྲད་པའི་སློབ་ཡོན་གྱི་བསྡོམས་གྲངས་དེ་རྩ་དོན་ཐོག་ནས་སློབ་ལོ་ལམ་ལུགས་ལག་བསྟར་བྱེད་པའི་སློབ་ཡོན་གྱི་བསྡོམས་གྲངས་ལས་མཐོ་མི་ཆོག་པ་དང་། ཆེད་ལས་ཀྱི་བསླབ་ཚན་གཞན་དག་གམ་ཡང་ན་བསྐྱར་སྦྱོང་བསླབ་ཚན་གཞན་དག་ཁ་སྣོན་བྱ་དགོས་ཚེ། སློབ་གྲྭས་སྦྱང་བྱའི་བསླབ་ཚན་ནང་གཏན་འབེབས་བྱས་པའི་སློབ་སྐར་གྱི་གྲོན་དངུལ་བསྡུ་བའི་ཚད་གཞི་ལྟར་གྲོན་དངུལ་བསྡུ་ཆོག

སློབ་ཡོན་དང་ཞག་སྡོད་གྲོན་དངུལ་བསྡུ་ལེན་བྱེད་སྐབས། “སློབ་མ་རྙིང་བར་བྱ་ཐབས་རྙིང་བ་དང་སློབ་མ་གསར་པར་བྱ་ཐབས་གསར་པ”ལག་ལེན་དུ་བསྟར་དགོས། སློབ་ལོའམ་སློབ་སྐབས་ལྟར་བསྡུ་དགོས་པ་ལས་སློབ་སྐབས་རྗེས་མའི་གྲོན་དངུལ་སྔོན་བསྡུ་བྱ་མི་ཆོག གལ་ཏེ་སློབ་མར་སློབ་མཚམས་འཇོག་པ་དང་སློབ་གྲྭ་ནས་ཕྱིར་འབུད་པ། སློབ་གྲྭ་ནས་སྔ་སྣུར་སྒོས་སློབ་གསོ་མཇུག་སྒྲིལ་བའམ་ཡང་ན་སློབ་གྲྭ་བརྗེ་བ་སོགས་བྱུང་ན། སློབ་གྲྭས་སློབ་སྦྱོང་གི་དུས་ཚོད་དངོས་ལ་གཞིགས་ནས་གྲོན་དངུལ་ཕྱིར་སློག་གི་གྲངས་བཅད་ལུགས་མཐུན་སྒོས་གཏན་འཁེལ་བྱ་དགོས། ས་གནས་སོ་སོས་རྒྱལ་ཁབ་ཀྱི་རོགས་དངུལ་སྤྲོད་པའི་སྲིད་ཇུས་ཁག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཁྱིམ་ཚང་གི་དཔལ་འབྱོར་ཐད་དཀའ་ཁག་ཡོད་པའི་སློབ་མར་དངོས་ཡོད་ཀྱི་གནད་དོན་ཐག་གཅོད་བྱེད་རོགས་བྱེད་པ་ལས། སློབ་ཡོན་གྱི་ཚད་གཞི་བཅོས་སྒྲིག་བྱས་ནས་སློབ་མའི་རྒྱུན་ལྡན་གྱི་སློབ་སྦྱོང་དང་འཚོ་བར་ཤུགས་རྐྱེན་བཟོས་མི་ཆོག

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།