གཟི་བརྗིད་དང་བཅས་ཕྱིར་ལོག་མཁན་མཚོ་སྔོན་གྱི་རིམས་འགོག་དཔའ་བོས་འདི་སྐད་བརྗོད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ9པའི་ཚེས8ཉིན་གྱི་སྔ་དྲོ། རྒྱལ་ཡོངས་ཀྱི་པྲོག་གསར་གློ་ཚད་གཉན་ཚད་འགོག་སྲུང་ལ་གཟེངས་བསྟོད་བྱེད་པའི་གྲོས་ཚོགས་དེ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ངང་གཟབ་རྒྱས་ངང་སྤེལ། དེའི་ཁྲོད་རང་ཞིང་གི་སྔོན་ཐོན་མི་སྒེར15དང་སྔོན་ཐོན་ཚོགས་སྤྱི5 ཕུལ་བྱུང་གུང་ཁྲན་ཏང་ཡོན2 སྔོན་ཐོན་གྱི་གཞི་རིམ་ཏང་རྩ་འཛུགས་མཁན2བཅས་ལ་རྒྱལ་ཁབ་ཀྱིས་གཟབ་རྒྱས་ངང་གཟེངས་བསྟོད་ཐོབ།

ཕྱི་དྲོའི་དུས་ཚོད6གི་སྟེང་ལྗིད་ཏིག་ཏིག་གི་རྒྱལ་ཁབ་ཀྱི་གཟི་བརྗིད་མནབས་པའི་རང་ཞིང་གི་རྒྱལ་ཡོངས་ཀྱི་པྲོག་གསར་གློ་བའི་གཉན་ཚད་ཀྱི་འགོག་སྲུང་གནས་ཚུལ་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་སྟེང་ཞུགས་པའི་འཐུས་ཚབ་པ་ཡོངས་རྫོགས་གནམ་གྲུར་བསྡད་དེ་ཞི་འཇགས་ངང་ཟི་ལིང་གི་ཚའོ་ཅ་པོ་རྒྱལ་སྤྱིའི་གནམ་ཐང་དུ་བབས། བྱས་རྗེས་ཅན་དག་ལ་གནམ་ཐང་དུ་སྤྲོ་སེམས་འཁོལ་པའི་དགའ་བསུ་ཐོབ་པ་མ་ཟད། མེ་པྲོག་དང་གཟི་བརྗིད་ཀྱི་སྐྱེས་ཕུལ་པས་ཁོ་ཚོས་བཤད་རྒྱུར།

རྒྱལ་ཡོངས་ཀྱི་པྲོག་གསར་གློ་བའི་གཉན་ཚད་ཀྱི་འགོག་སྲུང་སྔོན་ཐོན་མི་སྒེར་དང་མཚོ་སྔོན་རྒྱ་གྲམ་དམར་པོ་ལྷན་ཚོགས་ཀྱི་ཧུའུ་པེ་ལ་རོགས་སྐྱོར་དུ་བསྐྱོད་པའི་སྨན་བཅོས་རུ་ཁག་གི་རུ་མི་ཝང་ཁའེ་པའོ་ཡིས་བཤད་རྒྱུར། “ད་ལྟའི་ཆར་རྒྱལ་ཡོངས་ཀྱི་པྲོག་གསར་གློ་ཚད་ཀྱི་རིམས་འགོག་ཚོད་འཛིན་གནས་བབ་དེ་སྤྱི་ཁྱབ་ཀྱི་ཆ་ནས་ཅུང་ལེགས་པོའི་ཕྱོགས་སུ་འཕེལ་ཡོད་པས། རྣམ་པ་གསར་པའི་གནད་འདིའི་སྟེང་རྒྱལ་ཡོངས་ཀྱི་གཟེངས་བསྟོད་ཚོགས་ཆེན་བསྡུས་པ་དེས་རིམས་འགོག་ཚོད་འཛིན་ལ་ཟབ་ཞུགས་བྱས་པའི་མི་སྣ་ཡོད་ཚད་ལ་གདེང་འཇོག་བྱས་པ་མ་ཟད། དེ་ལས་ཀྱང་རྒྱལ་ཁབ་ཀྱི་མཛད་སྒོའི་རང་བཞིན་གྱི་རྣམ་པའི་སྟེང་ནས་སྤྱི་ཚོགས་ཧྲིལ་བོར་བཤད་རྒྱུར། རྒྱལ་ཁབ་དང་མི་དམངས་ཀྱིས་དུས་ནམ་ཡང་རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་དེའི་ཆེད་ལ་རང་སྲོག་ལ་མི་འཛེམ་པའི་ལྡོག་འགྲོ་བ་དང་འགན་འཁུར་མཁན་དག་ནམ་ཡང་བརྗེད་མི་སྲིད། མི་ལ་སྙིང་སྟོབས་མེད་ན་ལངས་མི་ཐུབ་པ་དང་རྒྱལ་ཁབ་ལ་སྙིང་སྟོབས་མེད་ན་དར་མི་ཐུབ་པ་ནང་བཞིན། པྲོག་གསར་གློ་ཚད་འགོག་སྲུང་བྱེད་པའི་སྙིང་སྟོབས་དེས་ང་ཚོར་ཁ་ཕྱོགས་གསལ་སྟོན་བྱས་པ་མ་ཟད། དེ་དང་ཆབས་ཅིག་ང་ཚོའི་རླབས་ཆེ་བའི་གསར་གཏོད་ལ་ཡང་སྐུལ་འདེད་བཏང་ཡོད”ཟེར།

“རྒྱལ་ཡོངས་ཀྱི་པྲོག་གསར་གློ་བའི་གཉན་ཚད་ཀྱི་རིམས་འགོག་གནས་ཚུལ་གྱི་སྔོན་ཐོན་ཚོགས་སྤྱིའི་འཐུས་ཚབ་པ་དང་དཔའ་ལུང་རྫོང་ཏང་ཨུའི་ཧྲུའུ་ཅི་ལིག་ཅན་ཡུའུ་ཡིས་གསར་འགོད་པ་ལ་བཤད་རྒྱུར། རྫོང་རིམ་པ་དང་པོའི་བཀོད་འདོམས་པུའུ་ཡི་ཁོངས་མི་ཞིག་ཡིན་པའི་ཆ་ནས་འདི་ལྟ་བུའི་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས་ཐུབ་པ་ལ་ང་རང་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། ཐེངས་འདིར་དཔའ་ལུང་རྫོང་གི་ཚབ་དུ་བྱ་དགའ་འདི་ལེན་ཐུབ་པ་ནི་ངའི་མི་ཚེ་ཁྲོད་ཀྱི་ཆེས་ཆེ་བའི་གཟི་བརྗིད་ཡང་ཡིན། དཔའ་ལུང་རྫོང་ལ་འདི་ལྟ་བུའི་གཟི་བརྗིད་ཞིག་ཐོབ་པ་ནི་དཔའ་ལུང་རྫོང་གི་མང་ཚོགས་ཁྲི30ལྷག་གིས་ཐུན་མོང་འབད་བརྩོན་བྱས་པའི་འབྲས་བུ་དང་ཉམས་པ་མེད་པའི་ཧུར་བརྩོན་ཡང་ཡིན། དེ་རིང་གི་གཟེངས་བསྟོད་ཚོགས་ཆེན་ནི་ང་ཚོའི་འགོ་འཛུགས་ས་གསར་པ་ཡིན་པས། རྗེས་ཕྱོགས་ཀྱི་རིམས་འགོག་བྱ་བའི་ཁྲོད་དཔའ་ལུང་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེ་རིང་སྔ་དྲོ་ཚོགས་ཆེན་སྟེང་བཤད་པའི་གསུང་བཤད་གལ་ཆེན་ཁྲོད་ཀྱི‘རླབས་ཆེ་བའི་རིམས་འགོག་སྙིང་སྟོབས’དེ་ལག་ལེན་མཐར་ཕྱིན་དུ་སྤེལ་ནས། བསམ་བློའི་སྟེང་ཚད་མཐོའི་མཐོང་ཆེན་དང་འགུལ་སྐྱོད་ཐད་ཚད་མཐོའི་རང་རྟོག་གིས་བྱ་བའི་ཐད་ལྡབ་འགྱུར་གྱིས་འབད་བརྩོན་བྱས་ཏེ་མཚོ་སྔོན་གྱི་མ་འོངས་པའི་རིམས་འགོག་ཚོད་འཛིན་བྱ་བའི་ཁྲོད་བློ་ཡུལ་ཚིམས་པའི་དྲིས་ལན་གསལ་བོ་ཞིག་བརྩོན་ལེན་བྱ་རྒྱུ་ཡིན”ཟེར།

རྒྱལ་ཡོངས་ཀྱི་པྲོག་གསར་གློ་བའི་གཉན་ཚད་འགོག་སྲུང་བྱེད་པའི་སྔོན་ཐོན་མི་སྒེར་དང་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་འགྲིམ་འགྲུལ་སྤྱི་ཁྱབ་རུ་ཁག་མྱུར་བགྲོད་གཞུང་ལམ་ཡན་ལག་རུ་ཁག་གི་རུ་ཆེན་དང་པོའི་རིམ་གཉིས་ཉེན་དཔོན་ཁང་མེན་ཞའེ་ཡིས་བཤད་རྒྱུར། “དེ་རིང་ངས་མཚོ་སྔོན་སྤྱི་བདེ་ཐིན་གྱི་ཚབ་བྱས་ཏེ་ཐེངས་འདིའི་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས་པ་དང་། ཡུལ་དངོས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ལ་དངོས་སུ་ཉན་པས་ངའི་སེམས་ལ་བཟོད་ཐབས་བྲལ་བའི་ཚོར་སྣང་ཁྱད་པར་བ་ཞིག་བྱུང་བ་མ་ཟད། རང་ཉིད་ཀྱི་གཟི་བརྗིད་ཡང་ཡིན། གཟེངས་བསྟོད་བྱ་དགའ་འདིས་ང་རང་མི་སྒེར་ཁོ་ན་ཙམ་མཚོན་པའི་མི་ཚད། ང་ཚོ་སྤྱི་བདེ་མི་དམངས་ཉེན་རྟོག་པས་རིམས་འགོག་སྐབས་སུ་མཚོ་སྔོན་ལ་སྒྲུབ་འོས་པའི་བྱས་རྗེས་བཞག་པ་ཡང་མཚོན་ཡོད། ཕྱིར་སོང་རྗེས་ངས་འདི་ལྟ་བུའི་སྙིང་སྟོབས་དེ་བྱ་བའི་ལས་རྐང་སྟེང་བཞག་ནས་མི་དམངས་ཉེན་རྟོག་པ་མང་པོའི་སྣེ་ཁྲིད་དེ་རིམ་པ་སོ་སོའི་བྱ་བ་དང་འགན་འཁྲི་མང་པོ་ཞིག་ཡོངས་འགྲུབ་བྱ་རྒྱུ་ཡིན”ཟེར། ‌‌

རྒྱལ་ཡོངས་ཀྱི་པྲོག་གསར་གློ་བའི་གཉན་ཚད་འགོག་སྲུང་གནས་ཚུལ་གྱི་སྔོན་ཐོན་ཚོགས་སྤྱིའི་འཐུས་ཚབ་པ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་པའི་འགོ་བ་ཁྲི་ཨེ་ཆིས་ཀྱིས་བཤད་རྒྱུར། “གློ་བུར་དུ་བྱུང་བའི་པྲོག་གསར་གློ་ཚད་ཀྱི་རིམས་འགོག་ཁ་གཏད་སྐབས་ང་ཚོ་སྨན་ཁང་གི་ལས་བཟོ་པ་དག་གིས་གདོང་མཆོང་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱི་འབད་བརྩོན་ལ་བརྟེན་ནས་རྒྱལ་ཡོངས་ཀྱི་མི་དམངས་དང་ལྷན་དུ་སེམས་ཤུགས་གཅིག་སྒྲིལ་བྱས་པས་ད་བཟོད་རྒྱལ་ཡོངས་ཀྱི་རིམས་འགོག་ཚོད་འཛིན་ཕར་རྒོལ་དམག་འཁྲུག་ལ་འཐབ་ཇུས་གལ་ཆེན་གྱི་གྲུབ་འབྲས་བླངས། ཐེངས་འདིར་འཐོབ་པའི་གཟི་བརྗིད་དེ་མི་དམངས་སྨན་ཁང་བཞི་པའི་སྨན་བཅོས་ལས་དོན་མི་སྣ་རེ་རེ་ལ་དབང་བ་དང་འདི་ནི་ང་ཚོས་ཉིན་མཚན་དབྱེར་མེད་དུ་བརྟན་སྲུང་བྱས་པའི་ཚན་རིག་གི་རིམས་འགོག་ཐད་ཀྱི་ཆེས་མཐོའི་བྱ་དགའ་ཡང་ཡིན། ང་ཚོས་མུ་མཐུད་དུ་རིམས་འགོག་འཐབ་རྩོད་ཀྱི་རླབས་ཆེ་བའི་སྙིང་སྟོབས་ཀྱི་ལྕགས་རི་བརྩིགས་ནས་ལྷོད་གཡེང་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཚན་རིག་གི་སྨན་བཅོས་རྒྱུན་འཁྱོངས་སྒོས་གནད་འཁེལ་དོན་དངོས་ལག་བསྟར་ངང་མཇུག་མཐར་མི་དམངས་མང་ཚོགས་ལ་བདེ་ཐང་གི་སྲུང་སྐྱོབ་བྱ་རྒྱུ་ཡིན”ཟེར།

རིམས་འགོག་ཚོད་འཛིན་ལ་རྒྱལ་ཁ་བླངས་པའི་མི་དམངས་ཀྱི་དམག་འཁྲུག་འདིའི་སྤྱི་ཁྱབ་དམག་འཐབ་འགོག་རྒོལ་དམག་འཁྲུག་ཁྲོད་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག་ས་ཁུལ་སོ་སོའི་སྡེ་ཁག་དག་གིས“ཕྱི་རོལ་ནས་འགོས་ཁྱབ་འགོག་སྲུང་དང་ནང་ཁུལ་དུ་འགོས་པ”གཏན་འགོག་གི་སྔོན་འགོག་ཐབས་ཇུས་གཞིར་བཟུང་སྟེ་ཚན་རིག་གི་བཀོད་སྒྲིག་དང་གནད་འཁེལ་གྱི་ལག་བསྟར་ངང་ཏན་ཏིག་གི་བྱ་བ་སྒྲུབ་སྟེ། དེ་ཡང་ཟླ2པའི་ཚེས6ཉིན་ནས་དེ་རིང་བར་མཚོ་སྔོན་ཞིང་ཆེན་ལ་པྲོག་གསར་གློ་ཚད་ཅན་གྱི་ནད་པ་གསར་པ་དང་དོགས་གཞི་ཅན་གྱི་ནད་རྟགས། རྐྱེན་འདས་བྱུང་བའི་ནད་ཐོ སྨན་བཅོས་བྱེད་མ་ཐུབ་པར་མི་སྣ་ཕན་ཚུན་ལ་འགོས་པ་སོགས་གཅིག་ཀྱང་མེད་པས། མི་དམངས་མང་ཚོགས་ཀྱི་ལུས་པོའི་བདེ་ཐང་དང་ཚེ་སྲོག་གི་བདེ་འཇགས་ལ་འགན་སྲུང་ནུས་ལྡན་ཐོབ་ཡོད།

དུས་དེ་རིང་ང་ཚོ་ཚང་མས་རང་ཉིད་ནི་ཀྲུང་གོ་པ་ཞིག་ཡིན་པར་ང་རྒྱལ་དང་རང་རློམ་སྐྱེས་ཆོག་པས། དེ་རིང་ང་ཚོས་རྒྱལ་ཁབ་ཀྱི་མིང་ཐོག་ནས་ཁོ་ཚོར་གུས་འདུད་ཞུ།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།