ཟི་ལིང་འགྲིམ་འགྲུལ་ཉེན་རྟོག་པས་ཞག་གཅིག་ལ་འགྲིམ་འགྲུལ་ཁྲིམས་འགལ་ཅན180རྩད་ཆོད་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གསར་སྐྲུན་བྱ་བ་སྔར་ལས་སྲ་བརྟན་དང་སྐུལ་འདེད་སྒོས་བགྲོད་ལམ་གྱི་འགྲིམ་འགྲུལ་ཁོར་ཡུག་ལ་གཙང་སེལ་བྱས་ཏེ། ཆང་འཐུང་ནས་རླངས་འཁོར་བསྐོར་པ་དང་ཆང་གིས་བཟི་ནས་རླངས་འཁོར་བསྐོར་པ། དུག་འཐེན་ནས་རླངས་འཁོར་བསྐོར་པ། ལྗིད་ཚད་བརྒལ་ཤོར་བྱུང་པ། ཨང་བྱང་དང་དཔང་ཡིག་རྫུན་མ་བཟོ་བ་སོགས་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏང་ཆེད། ཟླ9པའི་ཚེས5ཉིན་གྱི་དགོང་མོ། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་གིས་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་གཅིག་བསྡུས་སྒོས་མཚན་མོར་རྩད་གཅོད་བྱེད་པའི་གཅིག་གྱུར་གྱི་བྱ་འགུལ་སྤེལ་པ་རེད།

བྱ་འགུལ་དེའི་ཁྲོད་ཟི་ལིང་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་པས་ཞིབ་བཤེར་ས་ཚིགས་མི་འདྲ་བ9གསར་དུ་བཙུགས་ཏེ་མི་དམངས་ཉེན་རྟོག་པ་མི་གྲངས71ལྷག་བཀོད་སྒྲིག་སྒོས་འཕྲུལ་སྒུལ་རླངས་འཁོར1855ལ་ཞིབ་བཤེར་བྱས་པས། རིགས་མི་འདྲ་པའི་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད180ལྷག་རྩད་ཆོད་པ་རེད། དེའི་ཁྲོད་ཆང་འཐུང་ནས་རླངས་འཁོར་བསྐོར་མཁན2དང་སྐྱོབས་ཐག་བཅིངས་མེད་པའི་སྒྲིག་འགལ་ཅན10། དཔང་ཡིག་བཟུང་མེད་པའི་སྒྲིག་འགལ་ཅན47 ། དཔང་ཡིག་མེད་པའི་སྒྲིག་འགལ་ཅན1། ལྗིད་ཚད་བརྒལ་ཤོར་བྱུང་བའི་སྒྲིག་འགལ་ཅན2། རླངས་འཁོར་གྱི་ཞིབ་བཤེར་ཚད་ལེན་དུས་བརྒལ་ཤོར་པའི་སྒྲིག་འགལ་ཅན10། དེ་ལས་གཞན་པའི་ཁྲིམས་འགལ་བྱ་སྤྱོད་ཅན10བཅས་ཡོད་པས། སྒྲིག་འགལ་ཅན47ལ་སྐྱོན་བརྗོད་དང་སློབ་གསོ་ནན་མོ་བཏང་སྟེ་ཡུལ་དངོས་སུ་ཁྲིམས་འགལ་ཅན་གྱི་རླངས་འཁོར44ལ་ཁྲིམས་ཆད་བཅད་ནས། གནས་སྐབས་སུ་རླངས་འཁོར3བཀག་སྐྱིལ་བྱས་པ་དང་རླངས་འཁོར་གྱི་ཆོག་མཆན་དཔང་ཡིག་དེབ་ཆུང4གནས་སྐབས་སུ་གཞུང་ལེན་བྱས་པ་རེད།

ད་ལྟའི་ཆར། ཟི་ལིང་གྲོང་ཁྱེར་གྱིས་མཚན་མོར་གཞུང་ལམ་གྱི་བདག་དོམ་ཚོད་འཛིན་དང་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱ་སྤྱོད་ལ་རྩད་གཅོད་བྱེད་པའི་བྱ་བ་དེ་སྔར་བཞིན་རྒྱུན་ལྡན་ཅན་ཏུ་གྱུར་ཡོད་ལ། ཁྲིམས་འཛིན་ལག་བསྟར་རུ་ཆེན་སོ་སོས་རང་གི་མངའ་ཁོངས་སུ་དུས་ངེས་མེད་ལ་མཚན་མོར་རྩད་གཅོད་བྱེད་པའི་འགུལ་སྐྱོད་སྤེལ་ནས། རྒྱ་ཆེའི་མང་ཚོགས་ལ་བདེ་འཇགས་ཤར་གཏོང་གི་འགྲོ་སྐྱོད་ཁོར་ཡུག་ལེགས་པོ་ཞིག་གསར་སྐྲུན་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།