གློག་རྡུལ་ཚོང་དོན་དབུལ་སྐྱོར་རྣམ་གྲངས་ཀྱི་སྒོར་ཁྲི7000ལྷག་མཚོ་སྔོན་དུ་ལག་བསྟར་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ9ཚེས7ཉིན། 2020ལོའི་མཚོ་སྔོན་གྱི་སྐྱེ་ཁམས་ཐོན་ལས་དངོས་མང་འགྲེམས་སྟོན་གྲོས་ཚོགས་དང་བོད་ཀྱི་ས་གདན་འགྲེམས་སྟོན་གྲོས་ཚོགས་སྐབས། “ཀྲུང་གོ་མཚོ་སྔོན་གྱི་དབུལ་ཕོངས་ས་ཁུལ་གྱི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཚོང་རྟགས་ལ་སྐུལ་འདེད་བྱེད་པའི་ཚོང་གཏམ་གྲོས་ཚོགས་ཀྱི་གློག་རྡུལ་ཚོང་དོན་དབུལ་སྐྱོར་བྱ་བའི་མཚོ་སྔོན་གྱི་བྱེད་སྒོ”དེ་ཟི་ལིང་གྲོང་ཁྱེར་དུ་སྤེལ།

དུས་ཡུན་ཟླ་ངོ་གཅིག་རིང་གི་ཚོང་དོན་འབྲེལ་འདྲིས་བརྒྱུད། ཀྲུང་གོའི་གློག་རྡུལ་ཚོང་དོན་དབུལ་སྐྱོར་མཉམ་འབྲེལ་ཁོངས་མིའི་ལས་ཁུངས་དང་རང་ཞིང་གི་ཁེ་ལས་མང་པོསི་ཉོ་བསྡུ་ཡོངས་འགྲུབ་བྱུང་སྟེ་འཐབ་ཇུས་མཉམ་འབྲེལ་དང་སྟེགས་བུ་གསར་སྐྲུན་སོགས་ལ་བསམ་འཆར་ཡིད་འཐད་བྱུང་ཡོད། བྱ་འགུལ་གྱི་ཡུལ་དངོས་སུ་ཆེད་སྤྱོད་གན་རྒྱ་འཇོག་པའི་བྱེད་སྒོ་སྤེལ་ནས་མཉམ་འབྲེལ་གྲོས་མཐུན་མང་པོ་ཞིག་ལ་གན་རྒྱ་བཞག་ནས་ཐེ་གཏོགས་མ་དངུལ་སྒོར་ཁྲི7000ལ་ཉེ་བ་རེད། དེ་མིན་ཐོན་རྫས་ཕྱིར་འཚོང་གི་མཐུད་སྦྲེལ་གྲོས་ཚོགས་སྟེང་ཀྲུང་གོའི་གློག་རྡུལ་ཚོང་དོན་དབུལ་སྐྱོར་མཉམ་འབྲེལ་གྱི་ཁེ་ལས14ཡི་ཁོངས་མི་དག་གིས་ད་དུང་རང་རང་གི་དབུལ་སྐྱོར་རོགས་སྒྲུབ་བྱེད་ཐབས་ངོ་སྤྲོད་བྱས་པ་མ་ཟད། ས་གནས་ཁེ་ལས་ཀྱི་མཐུད་སྦྲེལ་དགོས་མཁོ་ཡང་བསྐངས་ཡོད།

མཚོ་སྔོན་ནི་ཀྲུང་གོའི་གློག་རྡུལ་ཚོང་དོན་གྱི་དབུལ་སྐྱོར་མཉམ་འབྲེལ་གློག་རྡུལ་ཚོང་དོན་དབུལ་སྐྱོར་གྱི་གཙོ་གནད་ཞིང་ཆེན་ཞིག་ཡིན་པའི་ཆ་ནས། དེའི་ཡར་སྔོན་དུ་ཀྲུང་གོའི་གློག་རྡུལ་ཚོང་དོན་དབུལ་སྐྱོར་མཉམ་འབྲེལ་དེས་མཚོ་སྔོན་ས་ཁུལ་དུ་གློག་རྡུལ་ཚོང་དོན་གྱི་དབུལ་སྐྱོར་ཕུལ་བྱུང་ཞིང་ལས་ཁྱད་ལྡན་ཐོན་རྫས་ཀྱི་ཚོང་རྟགས16དང་གློག་རྡུལ་ཚོང་དོན་གྱི་དབུལ་སྐྱོར་གཙོ་གནད་ཞིང་ལས་ཁྱད་ལྡན་ཐོན་རྫས་ཀྱི་ཚོང་རྟགས6འོས་སྦྱོར་དང་ཕྱིར་འཚོང་བྱས། དེ་དང་ཆབས་ཅིག ད་རུང་ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་ཀྱི་འགོ་ཁུངས་ཁེ་ལས11གི་ཐོན་རྫས་གསུམ་གྱི་ཚད་གཞི་གཅིག་གི་ངོས་འཛིན་ཚད་ལེན་ཞིབ་བཤེར་བྱ་བར་གྲོས་མཐུན་གན་རྒྱ་བཞག་ཡོད།

ཀྲུང་གོའི་གློག་རྡུལ་ཚོང་དོན་དབུལ་སྐྱོར་མཐུན་ཚོགས་ཀྱི་ཀྲུའུ་ཞི་ལིས་ཞའོ་ལེན་གྱིས་བཤད་རྒྱུར། ཀྲུང་གོའི་གློག་རྡུལ་ཚོང་དོན་དབུལ་སྐྱོར་མཉམ་འབྲེལ་དང་ཁོངས་མིའི་ལས་ཁུངས་དག་ཆེད་དུ་མཚོ་སྔོན་ལ་འོངས་ནས་འབྲེལ་ཡོད་ཚོང་དོན་གྱི་བདག་དོམ་སྡེ་ཁག་གཙོ་བོ་དང་། ཞིང་ལས་ཐོན་རྫས་ཀྱི་ཁེ་ལས་དག་ལ་ཁ་གཏད་ཀྱིས་བསམ་བློ་བརྗེ་རེས་དང་ཚོང་གཏམ་གྲོས་མཐུན་བཞག་ཡོད། དེ་ཡང་གོམ་གང་མདུན་སྤོས་སྒོས་མཚོ་སྔོན་ཚོང་རྟགས་དང་པོའི་ཕུལ་བྱུང་ཞིང་ལས་ཁྱད་ལྡན་ཐོན་རྫས་ལ་སྐུལ་འདེད་བཏང་། དེ་ཡང་འཛམ་གླིང་གི་ཡང་རྩེ་དེ་རྒྱལ་ཡོངས་ཀྱི་ཁྱིམ་ཚང་དག་ལ་འཛུལ་བ་དང་ཞིང་ཞོར་ལས་ཐོན་རྫས་དང་ཚོང་རའི་གནད་འཁེལ་མཐུད་སྦྲེལ་གྱིས་ས་གནས་དབུལ་ཐར་མཁྲེགས་གཏོར་ཐད་ལ་མྱུར་ཚད་ཀྱི་མཐེབ་གཞུང་གསར་པ་ཞིག་བསྣན།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བྱ་འགུལ་མུ་མཐུད་དུ་ཟླ9པའི་ཚེས11བར་སྤེལ་རྒྱུ་རེད་ལ། ཟི་ལིང་ལས་གཞན་ཀྲུང་གོའི་གློག་རྡུལ་ཚོང་དོན་གྱི་དབུལ་སྐྱོར་མཉམ་འབྲེལ་ཁོངས་མིའི་ལས་ཁུངས་དག་མུ་མཐུད་དུ་མཚོ་ཤར་གྲོང་ཁྱེར་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་བཅས་ལ་སོང་སྟེ་གློག་རྡུལ་ཚོང་དོན་གྱི་དབུལ་སྐྱོར་སྤེལ་ནས་མཚོ་སྔོན་གྱི་ཐོན་རྫས་ཕྱིར་འཚོང་མཐུད་སྦྲེལ་ཐད་ལ་རྟོག་ཞིབ་བྱས་པ་མ་ཟད། གློག་རྡུལ་དབུལ་སྐྱོར་གྱི་མཐུད་སྦྲེལ་ཐོན་ཁུངས་ཀྱི་ལེགས་ཆ་ལ་བརྟེན་ནས་བསམ་བློ་བརྗེ་རེས་ཀྱི་མཉམ་འབྲེལ་སྟེགས་བུ་གསར་སྐྲུན་དང་། ཞིང་ལས་ཁྱད་ལྡན་ཐོན་རྫས་ཀྱི་སྐྱེ་ཁམས་རིན་ཐང་གི་མི་མངོན་པའི་ནུས་པ་སྔོག་འདོན་བྱས་ཏེ་སྐད་གྲགས་ཅན་གྱི་ཚོང་རྟགས་གསར་པ་གསབ་སྦྱོང་སྒོས་ཐོན་རྫས་ཕྱིར་འཚོང་གི་མཐུད་སྦྲེལ་ལ་སྐུལ་འདེད་བཏང་པ་དང་། མཚོ་སྔོན་གྱི་ཐབས་ཇུས་དབུལ་ཐར་མཁྲེགས་གཏོར་ལ་རོགས་སྒྲུབ་སྒོས་ཞིང་སྡེ་དར་རྒྱས་མངོན་འགྱུར་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།