༄༅། །མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱིས“མཚོ་སྔོན་གྱི་རྟགས་རྙིང་མིང་ཅན”ངོས་འཛིན་དང་དོ་དམ་བྱེད་ཐབས་དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

༄༅། །མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱིས“མཚོ་སྔོན་གྱི་རྟགས་རྙིང་མིང་ཅན”ངོས་འཛིན་དང་དོ་དམ་བྱེད་ཐབས་དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

མཚོ་སྲིད་གཞུང་ལས་ཐིན〔2019〕ཨང113པ།

གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་གཞུང་ལས་ཁང་། ཐིན། ཅུས་སོ་སོ་བཅས་ལ།

《“མཚོ་སྔོན་གྱི་རྟགས་རྙིང་མིང་ཅན”ངོས་འཛིན་དང་དོ་དམ་བྱེད་ཐབས》ལ་ཞིང་ཆེན་སྲིད་གཞུང་འཐད་པ་བྱུང་ཞིང་། ད་ལྟ་ཁྱོད་ཚོར་དཔར་འགྲེམ་བྱས་པ་བཞིན་ནན་ཏན་སྒོས་རྩ་འཛུགས་བྱས་ཏེ་ལག་བསྟར་དོན་འཁྱོལ་བྱ་བ་ལེགས་པར་འཛིན་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།


2019ལོའི་ཟླ10བའི་ཚེས31ཉིན།


༄༅། །“མཚོ་སྔོན་གྱི་རྟགས་རྙིང་མིང་ཅན”ངོས་འཛིན་དང་དོ་དམ་བྱེད་ཐབས།

ལེའུ་དང་པོ། སྤྱིའི་དོན་ཚན།

དོན་ཚན་དང་པོ། མཚོ་སྔོན་གྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་དར་སྤེལ་དང“མཚོ་སྔོན་གྱི་རྟགས་རྙིང་མིང་ཅན”གྱི་ཁེ་ལས་སྐྱེད་སྲིང་དང་སྲུང་སྐྱོང་བྱས་ནས། “མཚོ་སྔོན་གྱི་རྟགས་རྙིང་མིང་ཅན”སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་ཆེད། 《ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱིས〈ཀྲུང་ཧྭའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་གོང་སྤེལ་ལས་གྲྭ་ལག་བསྟར་བྱེད་པའི་སྐོར་གྱི་བསམ་འཆར〉དཔར་འགྲེམ་བྱས་པའི་བརྡ་སྦྱོར》དང་ཚོང་དོན་པུའུ་སོགས་སྡེ་ཁག16གི《རྟགས་རྙིང་མིང་ཅན་སྒྱུར་བཅོས་དང་གསར་གཏོད་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར》(ཚོང་རྒྱུག་སྤེལ〔2017〕ཨང13པ)སོགས་ཡིག་ཆའི་དགོངས་དོན་གཞིར་བཟུང་ཞིང་།རང་ཞིང་གི་དོན་དངོས་དང་སྦྲེལ་ཏེ་བྱེད་ཐབས་འདི་གཏན་ལ་ཕབ་པ་ཡིན།
       དོན་ཚན་གཉིས་པ། “མཚོ་སྔོན་གྱི་རྟགས་རྙིང་མིང་ཅན”ངོས་འཛིན་དོ་དམ་བྱ་བ་ནི“ཀྲུང་ཧྭའི་རྟགས་རྙིང་མིང་ཅན”ངོས་འཛིན་དོ་དམ་བྱ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། བྱེད་ཐབས་འདིའི་ནང“མཚོ་སྔོན་གྱི་རྟགས་རྙིང་མིང་ཅན”ཞེས་པ་ནི་ལོ་རྒྱུས་ཡུན་རིང་ལྡན་ཞིང་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པ་དང་། ཀྲུང་ཧྭ་མི་རིགས་དང་མཚོ་སྔོན་ས་གནས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་ཞིང་སྤྱི་ཚོགས་ཡོངས་ཁྱབ་ཀྱི་ཁས་ལེན་ཐོབ་ཅིང་སྤྱི་ཚོགས་སུ་སྙན་གྲགས་རྒྱས་པའི་ཐོན་རྫས་དང་ལག་རྩལ། ཞབས་ཕྱི་བཅས་ཀྱི་ཟོང་རྟགས་ལ་ཟེར་བ་ཡིན།
       དོན་ཚན་གསུམ་པ། ཞིང་ཆེན་ཚོང་དོན་ཐིན་གྱིས“མཚོ་སྔོན་གྱི་རྟགས་རྙིང་མིང་ཅན”ངོས་འཛིན་དོ་དམ་བྱ་བ་གཙོ་གཉེར་བྱས་ཏེ། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ“མཚོ་སྔོན་གྱི་རྟགས་རྙིང་མིང་ཅན”འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་ཐབས་ཤེས་གཏན་འབེབས་དང། “མཚོ་སྔོན་གྱི་རྟགས་རྙིང་མིང་ཅན”གྱི་ཆེད་མཁས་པའི་ཨུ་ཡོན་ལྷན་ཁང་བཙུགས་ནས“མཚོ་སྔོན་གྱི་རྟགས་རྙིང་མིང་ཅན”ལ་ཞིབ་དཔྱད་བྱེད་པའི་འགན་འཁུར་དགོས། ཆེད་མཁས་པའི་ཨུ་ཡོན་ལྷན་ཁང་གི་ཁོངས་མི་རྣམས་འབྲེལ་ཡོད་སྡེ་ཁག་དང་སྡེ་ཚན་གྱིས་འོས་སྦྱོར་བྱ་དགོས་ལ། གཙོ་བོ་རྟགས་རྙིང་མིང་ཅན་དང་འབྲེལ་བ་ཡོད་པའི་ཁྱབ་ཁོངས་ཀྱི་མཁས་དབང་དང་དགེ་རྒན་ཆེན་མོ། མཐུན་ཚོགས་ཀྱི་ཁོངས་མི་སོགས་འོས་སྦྱོར་བྱ་དགོས་ཤིང་། མཐའ་མཇུག་གི་མིང་ཐོ་འབྲེལ་ཡོད་སྨྱན་བྱད་དུ་ཡོངས་བསྒྲགས་བྱ་དགོས།

ལེའུ་གཉིས་པ། ངོས་འཛིན།

དོན་ཚན་བཞི་བ། “མཚོ་སྔོན་གྱི་རྟགས་རྙིང་མིང་ཅན”ངོས་འཛིན་བྱ་བ་དེ་མངོན་གསལ་དང་འདྲ་མཉམ། དྲང་གཞག་བཅས་ཀྱི་རྩ་དོན་གཞིར་བཟུང་སྟེ་ལོ་གཉིས་རེར་ངོས་འཛིན་ཐེངས་རེ་བྱ་དགོས། རང་རེའི་ཞིང་ཆེན་གྱི་སྲིད་འཛིན་ས་ཁོངས་སུ་ཐོར་བཀོད་པ་མ་ཟད་བསྟུད་མར་གཉེར་སྐྱོང་བྱེད་བཞིན་པའི་ཁེ་ལས་ཀྱིས་ངོས་འཛིན་པར་རེ་འདུན་ཞུ་ཆོག

དོན་ཚན་ལྔ་བ། “མཚོ་སྔོན་གྱི་རྟགས་རྙིང་མིང་ཅན”ལ་གཤམ་གསལ་གྱི་ཆ་རྐྱེན་འཛོམ་དགོས་ཏེ།

(གཅིག) རང་བདག་གི་ཚོང་རྟགས་བདག་དབང་ངམ་སྤྱོད་དབང་ཡོད་པ།

(གཉིས) ཟོང་རྟགས་གྲགས་ཅན་བསྐྲུན་ནས་ལོ་ངོ30ཡན་སོང་བ།

(གསུམ) མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པའི་ཐུན་མོང་མ་ཡིན་པའི་ཐོན་རྫས་དང་ལག་རྩལ། ཞབས་ཕྱི་བཅས་ཡོད་པ།

(བཞི) མཚོ་སྔོན་གྱི་མི་རིགས་ཁྱད་ཆོས་དང་ས་ཁོངས་རིག་གནས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་ཞིང་། ལོ་རྒྱུས་དང་རིག་གནས་ཀྱི་རིན་ཐང་ངེས་ཅན་ལྡན་པ།

(ལྔ) ཁ་དན་ཚིག་གནས་ཀྱི་སྙན་གྲགས་བཟང་པོ་ཡོད་པས། སྤྱི་ཚོགས་ཡོངས་ཁྱབ་ཀྱི་ཁས་ལེན་དང་བསྔགས་བརྗོད་ཐོབ་པ།

(དྲུག) སྤུས་ཀ་ལེགས་ཤིང་རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་པ་དང་། གཙོ་གཉེར་བྱེད་བཞིན་པའི་ལས་སྒོ་དང་འབྲེལ་ཡོད་ཀྱི་འོས་ཐོབ་དང་ཚད་རིམ་ལག་ཁྱེར། དཔང་ཡིག་སོགས་བླངས་ཡོད་པ།

(བདུན) གཉེར་སྐྱོང་གནས་ཚུལ་བཟང་བར་མ་ཟད། རྒྱུན་མཐུད་དེ་གོང་དུ་སྤེལ་བའི་ནུས་པ་ཅུང་ཆེན་པོ་ལྡན་པ།
       (བརྒྱད) རེ་འདུན་ཞུ་ཉིན་གྱི་སྔོན་དུ་འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་འགལ་བྱ་སྤྱོད་ལ་ཆད་པ་བཅད་པའི་ཟིན་ཐོ་མེད་པར་མ་ཟད། ཁྲིམས་དང་ཚབས་ཆེར་འགལ་ཞིང་ཁ་དན་ཚིག་ལ་མི་གནས་པའི་ཁེ་ལས་ཀྱི་མིང་ཐོའི་ནང་བཀོད་མེད་པ་བཅས་སོ།།

དོན་ཚན་དྲུག་པ། “མཚོ་སྔོན་གྱི་རྟགས་རྙིང་མིང་ཅན”དུ་ངོས་འཛིན་པར་རེ་འདུན་ཞུ་མཁན་ཁེ་ལས་ཀྱིས་གཤམ་གྱི་རྒྱུ་ཆ་དག་འདོན་སྤྲོད་བྱ་དགོས་ཏེ།

(གཅིག) ཁེ་ལས་ཀྱི་གཞི་རྩའི་ཆ་འཕྲིན་དང་རྐང་དབང་གྲུབ་ཚུལ། ཉེ་བའི་ལོ་གསུམ་རིང་གི་གཉེར་སྐྱོང་གནས་ཚུལ།
       (གཉིས) ཟོང་རྟགས་གྲགས་ཅན་གསར་དུ་བསྐྲུན་པའི་དུས་ཚོད་ཀྱི་དཔྱད་གཞིའི་ཡིག་རིགས།
       (གསུམ) ཚབ་མཚོན་རང་བཞིན་ལྡན་པའི་ཐོ་བཀོད་ཚོང་རྟགས་ཀྱི་བདག་ཁོངས་ཀྱི་དཔྱད་གཞིའི་ཡིག་རིགས།

(བཞི) ཐུན་མོང་མ་ཡིན་པའི་ཐོན་རྫས་དང་ལག་རྩལ་ལམ་ཞབས་ཕྱི་རྒྱུད་འཛིན་བྱས་པའི་དཔྱད་གཞིའི་ཡིག་རིགས།

(ལྔ) གཙོ་གཉེར་ལས་སྒོ་རྒྱུན་འཛིན་གྱི་གོ་རིམ་གསལ་བའི་དཔྱད་གཞིའི་ཡིག་རིགས།
       (དྲུག) ཁེ་ལས་ཀྱི་རིག་གནས་ངོ་སྤྲོད་པའི་ཡིག་རིགས་དང་སྤྱི་ཚོགས་ཀྱི་མཚན་སྙན་ཐོབ་པ་སོགས་ཀྱི་དཔྱད་གཞིའི་ཡིག་རིགས།

(བདུན) ཁྲིམས་བཀོད་འཐུས་ཚབ་པས་གོང་སྨོས་ཀྱི་རྒྱུ་ཆའི་སྟེང་ལ་མིང་དགོད་དགོས་པར་མ་ཟད།བདེན་པ་ཡིན་པར་དམ་བཅའ་དགོས།
དོན་ཚན་བདུན་པ། “མཚོ་སྔོན་གྱི་རྟགས་རྙིང་མིང་ཅན”ངོས་འཛིན་པའི་གོ་རིམ་ལ་སྤྱི་བསྒྲགས་སྤེལ་བ་དང་ཁེ་ལས་ཀྱིས་རེ་འདུན་ཞུ་བ། དཔྱད་གཞིའི་ཡིག་རིགས་ལ་ཞིབ་དཔྱད། བརྟག་དཔྱད་གསལ་འབྱེད། ངོས་འཛིན་དཔྱད་ཞིབ། སྤྱི་ཚོགས་སུ་ཡོངས་བསྒྲགས། ཆོད་དོན་བཟོ་བ་སོགས་འདུ། བྱེ་བྲག་གི་གོ་རིམ་ནི།
       (གཅིག) སྤྱི་བསྒྲགས་སྤེལ་བ་སྟེ། ངོས་འཛིན་བྱ་བ་མགོ་རྩོམ་དུས་ཞིང་ཆེན་ཚོང་དོན་ཐིན་གྱིས་གཙོ་ཆེའི་དྲ་ཚིགས་སུ་ངོས་འཛིན་པའི་སྐོར་གྱི་སྤྱི་བསྒྲགས་སྤེལ་དགོས།

(གཉིས) ཁེ་ལས་ཀྱིས་རེ་འདུན་ཞུ་བ་སྟེ། རེ་འདུན་ཞུ་མཁན་གྱིས་སྤྱི་བསྒྲགས་ཀྱི་བླང་བྱ་ལྟར་སྙན་ཞུའི་རེའུ་མིག་བྲི་དགོས་པ་དང་། དོན་ཚན་དྲུག་པ་ལས་གཏན་ལ་ཕབ་པའི་རྒྱུ་ཆ་ཚང་མ་སྤྲད་དེ། རང་ཉིད་གནས་སའི་གྲོང་ཁྱེར(ཁུལ)གྱི་ཚོང་དོན་གཙོ་གཉེར་སྡེ་ཁག་ལ་ཞུ་འབུལ་བྱ་དགོས།
       (གསུམ) དཔྱད་གཞིའི་ཡིག་རིགས་ལ་ཞིབ་དཔྱད་བྱེད་པ་སྟེ། གྲོང་ཁྱེར(ཁུལ)གྱི་ཚོང་དོན་གཙོ་གཉེར་སྡེ་ཁག་གིས་རེ་ཞུའི་ཡིག་རིགས་ཀྱི་བདེན་རྫུན་དང་གོ་ཆོད་རང་བཞིན། ཁ་ཚང་མིན་ལ་ཞིབ་དཔྱད་བྱས་ཏེ། ཞིང་ཆེན་ཚོང་དོན་ཐིན་ལ་འོས་སྦྱོར་གྱི་བསམ་འཆར་འདོན་པར་མ་ཟད་རེ་ཞུའི་ཡིག་རིགས་བརྒྱུད་སྤྲོད་བྱ་དགོས།

(བཞི) བརྟག་དཔྱད་གསལ་འབྱེད་བྱེད་པ་སྟེ།ཞིང་ཆེན་ཚོང་དོན་ཐིན་གྱིས་རེ་འདུན་ཞུ་མཁན་གྱི་རེ་ཞུའི་ཡིག་རིགས་ལ་ཞིབ་དཔྱད་བྱེད་པ་དང།དགོས་ངེས་ཀྱི་སྐབས་སུ་ཡུལ་དངོས་སུ་སོང་ནས་ལྟ་ཞིབ་དང་ཞིབ་དཔྱད་བྱས་ཏེ་ཐོག་མའི་དཔྱད་དཔོག་བསམ་འཆར་གདོན་དགོས།

(ལྔ) ངོས་འཛིན་དཔྱད་ཞིབ་བྱེད་པ་སྟེ། ཞིང་ཆེན་ཚོང་དོན་ཐིན་གྱིས“མཚོ་སྔོན་གྱི་རྟགས་རྙིང་མིང་ཅན”གྱི་ཆེད་མཁས་པའི་ཨུ་ཡོན་རྩ་འཛུགས་བྱས་ནས་གྲོས་ཚོགས་བསྡུས་ཏེ། ཁེ་ལས་ཀྱི་རེ་ཞུའི་ཡིག་རིགས་ལ་ཞིབ་བཤེར་དང་རིགས་པས་ཁུངས་སྐྱེལ་ཏེ་དཔྱད་ཞིབ་བསམ་འཆར་གདོན་དགོས།

(དྲུག) སྤྱི་ཚོགས་སུ་སྤྱི་བསྒྲགས་སྤེལ་བ་སྟེ།ཞིང་ཆེན་ཚོང་དོན་ཐིན་གྱིས“མཚོ་སྔོན་གྱི་རྟགས་རྙིང་མིང་ཅན”དུ་ངོས་འཛིན་གྲབས་ཡོད་པའི་ཁེ་ལས་ཀྱི་མིང་ཐོ་དེ་འབྲེལ་ཡོད་སྨྱན་བྱད་དུ་ཡོངས་བསྒྲགས་བྱ་དགོས་ལ། ཡོངས་བསྒྲགས་བྱེད་ཡུན་ཉིན10ལས་ཐུང་མི་རུང། སྡེ་ཚན་དང་མི་སྒེར་གང་རུང་ལ་མིང་ཐོ་དེར་བསམ་འཆར་མི་མཐུན་པ་ཡོད་ཚེ། ཞིང་ཆེན་ཚོང་དོན་ཐིན་ལ་བསམ་འཆར་མི་མཐུན་པ་དག་བཏོན་ཆོག ཞིང་ཆེན་ཚོང་དོན་ཐིན་གྱིས་བསམ་འཆར་མི་མཐུན་པ་འབྱོར་རྗེས་སུ་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཆེད་མཁས་པ་རྩ་འཛུགས་བྱས་ཏེ་བསམ་འཆར་མི་མཐུན་པའི་གནས་ཚུལ་ལ་བསྐྱར་ཞིབ་བྱ་དགོས་པ་དང། བསྐྱར་ཞིབ་བྱས་འབྲས་དེ་བསམ་འཆར་མི་མཐུན་པ་འབྱོར་རྗེས་ཀྱི་བྱ་བའི་ཉིན30ཡི་ནང་ཚུན་དུ་བཟོ་དགོས།

(བདུན) ཆོད་དོན་བཟོ་བ་སྟེ། “མཚོ་སྔོན་གྱི་རྟགས་རྙིང་མིང་ཅན”དུ་ངོས་འཛིན་གྲབས་ཡོད་པའི་ཁེ་ལས་ལ་ཡོངས་བསྒྲགས་བྱེད་རིང་བསམ་འཆར་མི་མཐུན་པ་མེད་པའམ་བསམ་འཆར་མི་མཐུན་པའི་རྟགས་མ་གྲུབ་ན། ཞིང་ཆེན་ཚོང་དོན་ཐིན་གྱིས་ཞིང་ཆེན་སྲིད་གཞུང་ལ་དེར“མཚོ་སྔོན་གྱི་རྟགས་རྙིང་མིང་ཅན”ཞེས་པའི་མཚན་སྙན་སྩོལ་བ་དང་སྒོ་བྱང་དང་དཔང་ཡིག་སྤྲད་པར་རེ་ཞུ་འབུལ་དགོས། དེའི་མཇུག་འབྲས་ཀྱི་ཆ་འཕྲིན“ཡིད་རྟོན་ཀྲུང་གོ(མཚོ་སྔོན)”ཡི་དྲ་ཚིགས་སུ་བརྒྱུད་སྤེལ་བྱ་དགོས།

ལེའུ་གསུམ་པ། མཚོན་རྟགས་བེད་སྤྱོད་པའི་ཚད་གཞི།
      དོན་ཚན་བརྒྱད་པ། ཞིང་ཆེན་ཚོང་དོན་ཐིན་ནི“མཚོ་སྔོན་གྱི་རྟགས་རྙིང་མིང་ཅན”གྱི་གཞུང་ཕྱོགས་མཚོན་རྟགས་ཀྱི་ཁེ་དབང་འཛིན་མཁན་ཡིན།“མཚོ་སྔོན་གྱི་རྟགས་རྙིང་མིང་ཅན”དུ་ངོས་བཟུང་བ་བདག་འཛིན་བྱེད་མཁན་གྱིས་དེར་མཐུན་གྱི་ཐོན་རྫས་དང་ལག་རྩལ། ཞབས་ཕྱི་བཅས་ཀྱི་ཕྱི་ཐུམ་དང་མཛེས་རྒྱན། གསལ་བཤད་ཡི་གེ ཁྱབ་བརྡ་དྲིལ་བསྒྲགས་བཅས་ཀྱི་ཁྲོད“མཚོ་སྔོན་གྱི་རྟགས་རྙིང་མིང་ཅན”གྱི་མཚོན་རྟགས་ཚད་དང་ལྡན་པར་བེད་སྤྱད་ཆོག “མཚོ་སྔོན་གྱི་རྟགས་རྙིང་མིང་ཅན”གྱི་བདག་འཛིན་བྱེད་མཁན་དུ་ངོས་བཟུང་མེད་པའི་རྩ་འཛུགས་དང་མི་སྒེར་སུ་དང་གང་གིས་ཀྱང་རང་དགར་གྱིས“མཚོ་སྔོན་གྱི་རྟགས་རྙིང་མིང་ཅན”གྱི་མཚོན་རྟགས་གསར་བཟོ་དང་རྫུན་བཟོ། སྒྱུར་བཟོ།ཕྱིར་འཚོང་ངམ་རྫུས་སྤྱོད་བཅས་བྱ་མི་རུང་།
       དོན་ཚན་དགུ་བ། “མཚོ་སྔོན་གྱི་རྟགས་རྙིང་མིང་ཅན”གྱི་མཚོན་རྟགས་བྱང་བུ་འགེལ་གནས་དེ་སྡེ་ཚན་གྱི་ལས་གཉེར་ལག་ཁྱེར་སྟེང་ཐོར་བཀོད་པའི་ས་གནས་དང་གཅིག་འདྲ་ཡིན་དགོས་ལ། གལ་ཏེ་ས་གནས་གཞན་པར་དགལ་དགོས་ཚེ། རང་ཉིད་གནས་སའི་གྲོང་ཁྱེར(ཁུལ)གྱི་ཚོང་དོན་གཙོ་གཉེར་སྡེ་ཁག་ལ་ངེས་པར་དུ་རེ་འདུན་ཞུ་དགོས་པ་དང་། ཞིང་ཆེན་ཚོང་དོན་ཐིན་གྱིས་ཆོག་མཆན་བཀོད་པའི་སྤྱོད་སྒོ་དང་གྲངས་འབོར། སྤྱོད་རྒྱ་ལྟར་གཅིག་གྱུར་གྱིས་བཟོས་ནས་སྟེར་དགོས་པར་མ་ཟད། བདག་འཛིན་བྱེད་མཁན་དེས་ཐོ་འགོད་བྱེད་སའི་ས་ཁུལ་གྱི་ཚོང་དོན་གཙོ་གཉེར་སྡེ་ཁག་གིས་སྙན་སེང་ཐོ་འགོད་དང་བེད་སྤྱོད་ཚུལ་ལ་ལྟ་སྐུལ་བྱ་དགོས་ལ། བྱང་བུ་བཟོ་ཡོན་བདག་འཛིན་བྱེད་མཁན་གྱིས་འགན་འཁུར་དགོས།

དོན་ཚན་བཅུ་བ། “མཚོ་སྔོན་གྱི་རྟགས་རྙིང་མིང་ཅན”གྱི་མཚོན་རྟགས་དེ“མཚོ་སྔོན་གྱི་རྟགས་རྙིང་མིང་ཅན”ཞེས་པའི་མཚན་སྙན་ཐོབ་པ་དང་གཅིག་མཚུངས་ཀྱི་ཐོན་རྫས་སམ་ཞབས་ཕྱིའི་ཐད་སྤྱོད་པ་ལས་སྤྱོད་རྒྱ་ཆེ་རུ་བསྐྱེད་མི་རུང་། “མཚོ་སྔོན་གྱི་རྟགས་རྙིང་མིང་ཅན”སྤྱད་དེ་སྒྱུ་རྩལ་གསར་རྩོམ་དང་ཐོན་རྫས་གསར་སྤེལ། ཡུལ་སྐོར་བྱེད་སྒོ་སོགས་སྤེལ་སྐབས་དེའི་སྔར་ཡོད་ཀྱི་རྣམ་པ་དང་གཞི་རྩའི་ཁྱད་ཆོས། རིག་གནས་ཀྱི་ནང་དོན་བཅས་ལ་བརྩི་འཇོག་བྱས་ནས་འཁྱོག་བཤད་དང་གང་བྱུང་དུ་སྤྱོད་པ་སྔོན་འགོག་བྱ་དགོས།
      ལེའུ་བཞི་བ། འགུལ་རྣམ་ལྟར་དོ་དམ།
       དོན་ཚན་བཅུ་གཅིག་པ། “མཚོ་སྔོན་གྱི་རྟགས་རྙིང་མིང་ཅན”བདག་འཛིན་བྱེད་མཁན་གྱིས་ངེས་པར་དུ་ས་གནས་དེ་གའི་ཚོང་དོན་གཙོ་གཉེར་སྡེ་ཁག་གི་ལྟ་སྐུལ་དོ་དམ་དང་ལེན་བྱ་དགོས། ཚོང་དོན་སྡེ་ཁག་གིས“མཚོ་སྔོན་གྱི་རྟགས་རྙིང་མིང་ཅན”གྱི་ཡིག་ཚགས་བཟོས་ནས“མཚོ་སྔོན་གྱི་རྟགས་རྙིང་མིང་ཅན”ལ་འགུལ་རྣམ་ལྟར་དོ་དམ་བྱ་དགོས།

དོན་ཚན་བཅུ་གཉིས་པ། “མཚོ་སྔོན་གྱི་རྟགས་རྙིང་མིང་ཅན”ལ་གཤམ་གསལ་གྱི་འགྱུར་བ་བྱུང་ཚེ། འགྱུར་བ་བྱུང་ཉིན་ནས་བཟུང་སྟེ་ཉིན་བཅུའི་ནང་དུ་ཞིང་ཆེན་ཚོང་དོན་ཐིན་ལ་ཆ་འཕྲིན་བརྗེ་སྒྱུར་གྱི་རེ་འདུན་ཞུ་དགོས་ཏེ།

(གཅིག) ཁེ་ལས་ཀྱི་མིང་ལ་འགྱུར་བ་བྱུང་བ།
       (གཉིས) ཁེ་ལས་དངོས་སུ་བདག་སྐྱོང་བྱེད་མཁན་ལ་འགྱུར་བ་བྱུང་བ།

(གསུམ) ཁེ་ལས་ཀྱིས་ཚབ་མཚོན་གྱི་ཐོ་བཀོད་ཚོང་རྟགས་གསར་དུ་བསྣན་པའམ་བསྒྱུར་བ།

(བཞི) ཁེ་ལས་ཀྱིས་སྔར་གྱི་གཙོ་གཉེར་བྱེད་སྒོ་མི་སྤེལ་བར་གསར་དུ་བཙུགས་པའི་ཁེ་ལས་སམ་འབྲེལ་ཡོད་ཁེ་ལས་ཀྱིས་མུ་མཐུད་དུ་འབྲེལ་ཡོད་གཙོ་གཉེར་བྱེད་སྒོ་སྤེལ་བ་བཅས་སོ།།

དོན་ཚན་བཅུ་གསུམ་པ། “མཚོ་སྔོན་གྱི་རྟགས་རྙིང་མིང་ཅན”ཞེས་པའི་མཚན་སྙན་དེ་རྒྱུན་འཛིན་བྱེད་ཆོག་མོད།
       དོན་ཚན་བཅུ་གཉིས་པ་ལས་གཏན་ལ་ཕབ་པ་ལྟར་ཆ་འཕྲིན་བརྗེ་སྒྱུར་གྱི་བྱ་བ་ལེགས་པོར་བསྒྲུབ་དགོས། “མཚོ་སྔོན་གྱི་རྟགས་རྙིང་མིང་ཅན”བདག་འཛིན་བྱེད་མཁན་ལ་འཛད་སྤྱོད་པའི་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་བཟོས་པ་དང། སྤུས་ཀའི་གནད་དོན་ནམ་བདེ་འཇགས་ལས་འཛོལ་ཚབས་ཆེན་བྱུང་བ། མི་གཞན་གྱི་ཤེས་བྱའི་བདག་དབང་ལ་གནོད་འཚེ་ཚབས་ཆེན་བཟོས་པ། ཁྲོམ་རའི་སྒྲིག་ལམ་ཚབས་ཆེན་པོར་དཀྲུགས་པ། འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་དང་འགལ་ཞིང་ཁ་དན་ཚིག་ལ་མི་གནས་པའི་ཁེ་ལས་ཀྱི་མིང་ཐོའི་ནང་བཀོད་པ། ཡང་ན་ཚུལ་མིན་གྱི་བྱེད་ཐབས་སྤྱད་དེ“མཚོ་སྔོན་གྱི་རྟགས་རྙིང་མིང་ཅན”ཞེས་པའི་མཚན་སྙན་གཡོ་ལེན་བྱས་པ་དང། དེ་མིན་བཅའ་ཁྲིམས་དང་ཁྲིམས་སྲོལ། སྒྲིག་སྲོལ་དང་འགལ་བ་སོགས་ཁྲིམས་འགལ་ལམ་ཁ་དན་ཚིག་ལ་མི་གནས་པའི་བྱ་སྤྱོད་གྲས་ཀྱི་གཅིག་ཡོད་ཚེ། དེ་ཉིད་གནས་སའི་ས་གནས་དང་གྲོང་ཁྱེར(ཁུལ)གྱི་ཚོང་དོན་གཙོ་གཉེར་སྡེ་ཁག་གིས་སྙན་ཞུ་ཕུལ་ཏེ། ཞིང་ཆེན་ཚོང་དོན་ཐིན་གྱིས་ཞིང་ཆེན་སྲིད་གཞུང་ལ་དེའི“མཚོ་སྔོན་གྱི་རྟགས་རྙིང་མིང་ཅན”ཞེས་པའི་མཚན་སྙན་ཕྱིར་འཐེན་པའི་རེ་བ་ཞུ་དགོས་པར་མ་ཟད། “ཡིད་རྟོན་ཀྲུང་གོ(མཚོ་སྔོན)”ཡི་དྲ་ཚིགས་དང་འབྲེལ་ཡོད་ལས་སྟེགས། སྨྱན་བྱད་བཅས་སུ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱ་དགོས།
      ལེའུ་ལྔ་བ། སྲུང་སྐྱོང་བྱེད་ཐབས།
       དོན་ཚན་བཅུ་བཞི་བ། “མཚོ་སྔོན་གྱི་རྟགས་རྙིང་མིང་ཅན”བདག་འཛིན་བྱེད་མཁན་གྱིས་ཤེས་བྱའི་བདག་དབང་ལ་ཧུར་ཐག་གིས་སྲུང་སྐྱོང་བྱེད་ཅིང་ཚོང་རྟགས་དོ་དམ་བྱེད་ཤུགས་ཇེ་ཆེར་བཏང་སྟེ།རང་ངོས་ཀྱི་ཁྲིམས་མཐུན་ཁེ་དབང་དང“མཚོ་སྔོན་གྱི་རྟགས་རྙིང་མིང་ཅན”གྱི་སྣང་བརྙན་ཧུར་ཐག་གིས་སྲུང་སྐྱོང་བྱ་དགོས།

དོན་ཚན་བཅོ་ལྔ་བ། “མཚོ་སྔོན་གྱི་རྟགས་རྙིང་མིང་ཅན”ཞེས་པའི་མཚན་སྙན་བདག་དབང་ངམ་ཐོ་བཀོད་ཚོང་རྟགས་ཀྱི་ཆེད་སྤྱོད་དབང་ཆ་དང་ཆེད་ཁེའི་བདག་དབང། རྩོམ་གྱི་བདག་དབང་སོགས་ཤེས་བྱའི་བདག་དབང་ལ་གནོད་འཚེ་བཏང་བ་དང།“མཚོ་སྔོན་གྱི་རྟགས་རྙིང་མིང་ཅན”ལ་དམིགས་ནས་ཚུལ་མིན་གྱི་འགྲན་རྩོད་བྱ་སྤྱོད་སྤེལ་ནས“མཚོ་སྔོན་གྱི་རྟགས་རྙིང་མིང་ཅན”དང་འབྲེལ་བའི་ཁོངས་མིང་ལ་རྩོད་གླེང་བྱུང་ཚེ། ཞིང་ཆེན་ཚོང་དོན་ཐིན་གྱིས“མཚོ་སྔོན་གྱི་རྟགས་རྙིང་མིང་ཅན”སྲུང་སྐྱོང་གི་རྩ་དོན་གཞིར་འཛིན་པ་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་འབྲེལ་ཡོད་སྡེ་ཁག་དང་མཐུན་སྦྱོར་སྒོས་ཐག་གཅོད་བྱ་དགོས།

དོན་ཚན་བཅུ་དྲུག་པ། “མཚོ་སྔོན་གྱི་རྟགས་རྙིང་མིང་ཅན”ངོས་འཛིན་དང་སྲུང་སྐྱོང་བྱ་བའི་ཁྲོད་ཞུགས་མཁན་ལས་ཁུངས་དང་མི་སྣར་ཚོང་ལས་དང་ལག་རྩལ་གྱི་གསང་བ་དམ་སྲུང་བྱེད་པའི་འོས་འགན་ཡོད་པས། གཟབ་ནན་སྒོས་འབྲེལ་ཡོད་གཏན་ཕབ་དང་གོ་རིམ་ལྟར་བྱ་བ་བསྒྲུབ་དགོས།
       དོན་ཚན་བཅུ་བདུན་པ། “མཚོ་སྔོན་གྱི་རྟགས་རྙིང་མིང་ཅན”ངོས་འཛིན་བྱ་བའི་ཐད་ནས་སྤྱི་ཚོགས་ལས་རིགས་སོ་སོའི་ལྟ་སྐུལ་དང་ལེན་བྱ་དགོས། སྡེ་ཁག་དང་མི་སྒེར་སུ་དང་གང་གིས་ཀྱང་གླགས་བཙལ་ནས་གྲོན་དངུལ་བསྡུ་བའམ་ཁེ་གཉེར་རང་བཞིན་གྱི་བྱེད་སྒོ་སྤེལ་མི་ཆོག
       ལེའུ་དྲུག་པ། ཞར་བྱུང་དོན་ཚན།
       དོན་ཚན་བཅོ་བརྒྱད་པ། བྱེད་ཐབས་འདིར་ཞིང་ཆེན་ཚོང་དོན་ཐིན་གྱིས་འགྲེལ་བཤད་རྒྱག་པའི་འགན་འཁུར་དགོས།

དོན་ཚན་བཅུ་དགུ་བ། བྱེད་ཐབས་འདི་དཔར་འགྲེམ་བྱས་ཉིན་ནས་བཟུང་སྟེ་ལག་བསྟར་བྱ་དགོས།

2015ལོའི་ཟླ6པའི་ཚེས28ཉིན་གྱི《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱིས“མཚོ་སྔོན་གྱི་རྟགས་རྙིང་མིང་ཅན”ངོས་འཛིན་དང་དོ་དམ་བྱེད་ཐབས(གནས་སྐབས་ལག་བསྟར)དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར》(མཚོ་སྲིད་གཞུང་ལས་ཐིན〔2015〕ཨང123པ)དུས་མཚུངས་སུ་བེད་མེད་དུ་བཟོ་རྒྱུ་ཡིན།