༄༅། །མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱི་ལོ3མན་གྱི་ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་བྱ་བ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར།

མཚོ་སྲིད་གཞུང་ལས་ཐིན〔2019〕ཨང103པ།

གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་། གཞུང་ལས་ཁང་། ཐིན། ཅུས་སོ་སོ་བཅས་ལ།
《རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱི་ལོ3མན་གྱི་ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་བྱ་བ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར》(རྒྱལ་གཞུང་སྤེལ〔2019〕ཨང15བ)ཞེས་པའི་ཡིག་ཆའི་དགོངས་དོན་གཏིང་ཟབ་ཏུ་ལག་བསྟར་དོན་འཁྱོལ་བྱེད་པ་དང། རང་ཞིང་གི་ལོ3མན་གྱི་ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་བྱ་བ་ཤུགས་ཆེན་པོས་འཕེལ་རྒྱས་གཏོང་བ། “བྱིས་པ་གཉིས་ཀྱི་སྲིད་ཇུས”ལག་ལེན་དུ་བསྟར་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད། ཞིང་ཆེན་སྲིད་གཞུང་འཐད་པ་བྱུང་བ་བརྒྱུད་དེ། ལག་བསྟར་བསམ་འཆར་འདི་གཏན་འབེབས་བྱས་པ་ཡིན།
གཅིག སྤྱིའི་བླང་བྱ།

(གཅིག) མཛུབ་སྟོན་བསམ་བློ།

ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཏིང་ཟབ་ཏུ་ལག་བསྟར་བྱེད་པ། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་ཀྱི་བླང་བྱ་ལྟར། གནད་དོན་ཀྱི་འཁྲིད་ཕྱོགས་དང་དགོས་མཁོའི་འཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཐོག ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་སྲིད་ཇུས་མ་ལག་དང་ཚད་གཞིའི་མ་ལག ཞབས་ཕྱིའི་མ་ལག་བཙུགས་ཏེ་འཐུས་ཚང་དུ་བཏང་ནས། མི་དམངས་མང་ཚོགས་ཀྱི་ཕྲུ་གུ་སྐྱེ་བའི་འབྱུང་འགྱུར་གྱི་སེམས་ཁྲལ་སེལ་རོགས་དང།རང་ཞིང་གི་ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་བྱ་བ་སྐྱོན་བྲལ་དང་སྒྲིག་ཡོད་སྒོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། ཁྱེའུ་དང་བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བར་འགན་སྲུང་བྱ་དགོས།
       (གཉིས) གཞི་རྩའི་རྩ་དོན།

——ཁྱིམ་ཚང་གིས་གཙོ་བོར་འཛིན་པ་དང་བཅོལ་གསོ་ཟུང་འབྲེལ་བྱ་དགོས། ཁྱིམ་ཚང་གིས་ཁྱེའུ་དང་བྱིས་པ་གསོ་སྐྱོང་བྱེད་རྒྱུ་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱས་ཐོག ཁྱིམ་ཚང་གིས་ཁྱེའུ་དང་བྱིས་པ་གསོ་སྐྱོང་བྱེད་པའི་འགན་འཁྲི་གཙོ་བོ་འཁུར་ཤུགས་ཇེ་ཆེར་བཏང་སྟེ། ཁྱིམ་ཚང་ལ་ཚན་རིག་གི་ཐབས་ཀྱིས་གསོ་སྐྱོང་བྱེད་ཚུལ་མཛུབ་སྟོན་བྱེད་པ་དང་། ལྟ་རྟོག་གི་དཀའ་ངལ་ངོ་མ་ཡོད་པའི་ཁྱིམ་ཚང་དང་ཡང་ན་ཁྱེའུ་དང་བྱིས་པར་དགོས་ངེས་ཀྱི་ཞབས་ཕྱི་འདོན་སྤྲོད་བྱ་དགོས།
——སྲིད་གཞུང་གིས་ཁྲིད་སྟོན་དང་གཅིག་གྱུར་འཆར་འགོད་ཀྱིས་འཕེལ་རྒྱས་གཏང་དགོས། སྲིད་གཞུང་གི་ཁྲིད་སྟོན་ནུས་པ་རྒྱུན་འཁྱོངས་བྱས་ཐོག སྡེ་ཁག་གིས་རོགས་ལས་བྱེད་པར་ཤུགས་སྣོན་དང་། ཕྱོགས་སོ་སོའི་ཐོན་ཁུངས་གཅིག་གྱུར་འཆར་འགོད་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་སྐུལ་སློང་བྱས་ནས། སྤྱི་ཚོགས་རྩ་འཛུགས་དང་ཁེ་དོན་ལས་སྡེ་ཚན་སོགས་ཀྱིས་ཀུན་ཕན་རང་བཞིན་གྱི་ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་ལས་ཁུངས་འཛུགས་པར་རྒྱབ་སྐྱོར་བྱས་ཏེ། “ཚད་ལྡན་ཅན་དང་རིམ་པ་མང་བ། སྣ་མང་ཅན། གདམ་ག་རྒྱག་ཆོག་པ”བཅས་ཀྱི་ལྟ་རྟོག་ཞབས་ཕྱིའི་རྣམ་པ་ཆགས་པར་བྱ་དགོས།
——བདེ་འཇགས་བདེ་ཐང་ཡོང་བར་བྱེད་པ་དང་ཚད་ལྡན་སྒོས་འཕེལ་རྒྱས་གཏང་དགོས། ཐབས་ཤེས་ཕྱོགས་བསྡུས་སྒོས་བེད་སྤྱད་དེ་ཁྱེའུ་དང་བྱིས་པ་བདེ་འཇགས་བདེ་ཐང་ཡོང་བར་དངོས་གནས་འགན་སྲུང་བྱེད་ཅིང་། བྱིས་པ་འཚར་ལོངས་ཁྱད་ཆོས་དང་ཆོས་ཉིད་ལ་བརྩི་སྲུང་དང་ཚན་རིག་ལྟར་བྱིས་པ་གསོ་སྐྱོང་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། ཁྱེའུ་དང་བྱིས་པའི་ལུས་པོ་འཚར་ལོངས་དང་བྱ་སྤྱོད། སྐད་ཆ། ཤེས་རྟོགས།བརྩེ་སེམས། སྤྱི་ཚོགས་རང་བཞིན་སོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏང་དགོས།

——ཡུལ་བབ་དང་བསྟུན་པ་དང་རིགས་བཀར་ནས་མཛུབ་སྟོན་བྱ་དགོས། ས་ཁོངས་དང་གྲོང་ཁྱེར་གྲོང་གསེབ་ཀྱི་འཕེལ་རྒྱས་ཁྱད་ཆོས་ལ་ཕྱོགས་བསྡུས་སྒོས་བསམ་བློ་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་ཞབས་ཕྱིའི་དགོས་མཁོ་གཞིར་བཟུང་ནས། ཐོན་ཁུངས་ནུས་ཡོད་ཀྱིས་སྡེབ་སྒྲིག་བྱས་ཏེ་ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་ལས་ཁུངས་དམིགས་གཏད་རང་བཞིན་ཡོད་པའི་སྒོ་ནས་འཕེལ་རྒྱས་གཏོང་བ་དང་། ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་རྣམ་པ་འཚོལ་ཞིབ་བྱ་དགོས།

(གསུམ) འཕེལ་རྒྱས་དམིགས་འབེན།

2020ལོར་ཐོན་དུས། དཔེ་སྟོན་ཕན་ནུས་ལྡན་པའི་ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་ལས་ཁུངས5(ཟི་ལིང་གྲོང་ཁྱེར་ལ་ལས་ཁུངས3དང་མཚོ་ཤར་གྲོང་ཁྱེར་ལ་ལས་ཁུངས1། མཚོ་ནུབ་ཁུལ་ལ་ལས་ཁུངས1)རགས་ཙམ་འཛུགས་པ་དང་། གྲོང་ཁྱེར(ཁུལ)8ཀྱིས་དཔེ་སྟོན་རང་བཞིན་ལྡན་པའི་ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་ལས་ཁུངས1རེ་བཙུགས་ནས། ཁྱེའུ་དང་བྱིས་པ་དང་དེ་དག་གི་ཁྱིམ་བདག(ལྟ་རྟོག་མི་སྣ)ལ་སྣ་མང་ཅན་གྱི་མཛུབ་སྟོན་ཞབས་ཕྱི་འདོན་སྤྲོད་བྱ་དགོས། དཔེ་སྟོན་ས་ཁུལ་སོ་སོས་ཁྱེའུ་དང་བྱིས་པ་ནར་སོན་པར་འདུ་ཤེས་སྔོན་གྲལ་དུ་གནས་ཤིང་ཁྱད་ཆོས་གསལ་བའི་ཞབས་ཕྱི་དོ་དམ་རྣམ་པ་འཛུགས་པར་འཚོལ་ཞིབ་བྱེད་པ་དང།ཉམས་མྱོང་སྤྱི་བསྡོམས་བྱས་ནས་ཁྱབ་གདལ་གཏོང་བ། ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་ཐད་ཚད་གཞི་ཅན་དང་ཚད་ལྡན་ཅན་གྱི་དོ་དམ་མངོན་འགྱུར་བྱས་ཏེ། འབད་བརྩོན་གྱིས་ཁྱེའུ་དང་བྱིས་པ་ཐོག་མའི་དུས་སུ་འཚར་ལོངས་འབྱུང་བའི་ཤེས་བྱ་ཁྱབ་གདལ་གཏོང་ཚད60%ཡན་དུ་བསླེབ་པ་དང། ལོ0ནས3བར་གྱི་ཁྱེའུ་དང་བྱིས་པའི་ཁྱིམ་བདག་དང་ལྟ་རྟོག་མི་སྣ་ལ་ཚན་རིག་ལྟར་བྱིས་པ་སྐྱོང་ཚུལ་མཛུབ་སྟོན་བྱས་ཚད60%ཡན་དུ་བསླེབ་པར་འཇུག་དགོས།

2025ལོར་ཐོན་དུས། རྣམ་པ་མང་ཞིང་རྒྱ་ཁྱབ་ཏུ་ཞུགས་པའི་ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་མ་ལག་རིམ་བཞིན་འཛུགས་ཤིང་། ཁྱིམ་ཚང་དང་སྡེ་ཁུལ། ལས་ཁུངས“ཕྱོགས་གསུམ་གཞི་གཅིག”ཅན་གྱི་ཞབས་ཕྱི་དྲ་རྒྱ་འཐུས་ཚང་དུ་གཏང་དགོས། བུ་བཅོལ་དང་བྱིས་སྐྱོང་གཞི་གཅིག་ཅན་དུ་སྒྱུར་བའི་བྱ་བར་ཧུར་ཐག་གིས་སྐུལ་སྤེལ་གཏོང་བ་དང། སྣ་མང་ཅན་དང་རྣམ་པ་སྣ་ཚོགས་ཅན་དུ་སྒྱུར་བ་དང་ཡོངས་སུ་ཁྱབ་པའི་ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་མ་ལག་ཕལ་ཆེར་ཆགས་སུ་བཅུག་ནས། ཁྱེའུ་དང་བྱིས་པ་ཐོག་མའི་དུས་སུ་འཚར་ལོངས་འབྱུང་བའི་ཤེས་བྱ་ཁྱབ་གདལ་གཏོང་ཚད95%ཡན་དུ་བསླེབ་པ་དང།ལོ0ནས་ལོ3བར་གྱི་ཁྱེའུ་དང་བྱིས་པའི་ཁྱིམ་བདག་དང་ལྟ་རྟོག་མི་སྣ་ལ་ཚན་རིག་ལྟར་བྱིས་པ་སྐྱོང་ཚུལ་མཛུབ་སྟོན་བྱས་ཚད95%ཡན་དུ་བསླེབ་པར་འཇུག་དགོས།

གཉིས། ལས་འགན་གཙོ་བོ།

(གཅིག) ཁྱིམ་ཚང་གིས་ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱི་སྒྲུབ་པར་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏང་དགོས།

1.བཙའ་གསོའི་ངལ་གསོའི་སྲིད་ཇུས་ཁྲིམས་ལྟར་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང། མི་སྤྱོད་སྡེ་ཚན་གྱིས་དེ་བས་སྟབས་བསྟུན་གྱི་བྱེད་སྟངས་དང་བྱེད་ཐབས་བེད་སྤྱད་དེ་ཁྱེའུ་དང་བྱིས་པ་ལ་ཁྱིམ་ཚང་གིས་གསོ་སྐྱོང་དང་ལྟ་རྟོག་བྱེད་རྒྱུར་སྟབས་བདེའི་ཆ་རྐྱེན་བསྐྲུན་པར་སྐུལ་བསྟོད་གཏང་དགོས། ལས་གནས་དང་བྲལ་ནས་ཁྱེའུ་དང་བྱིས་པར་ལྟ་རྟོག་བྱས་པའི་ཕ་མ་བྱ་བའི་ལས་གནས་སུ་ཡང་བསྐྱར་ལོག་པར་རྒྱབ་སྐྱོར་བྱེད་པ་མ་ཟད། ད་དུང་དེ་དག་ལ་ཆ་འཕྲིན་ཞབས་ཕྱི་དང་ལས་ཞུགས་མཛུབ་སྟོན། ལས་རིགས་རྩལ་ནུས་གསོ་སྦྱོང་བཅས་འདོན་སྤྲོད་བྱ་དགོས། (སྣེ་འཁྲིད་མཁན་སྡེ་ཚན་ནི་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ཡིན། འགན་འཁུར་མཁན་སྡེ་ཚན་ནི་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སློབ་གསོ་ཐིན་ཡིན།)

2.ཁྱེའུ་དང་བྱིས་པ་གསོ་སྐྱོང་བྱེད་མཁན་ལ་ཚན་རིག་ལྟར་བྱིས་པ་གསོ་བའི་ཤེས་བྱ་སྒྲོག་སྤེལ་དང་དྲིལ་སྒྲོག་སློབ་གསོ་གཏང་དགོས། ཆེད་མཁས་པ་ཚོགས་པ་སྒྲིག་འཛུགས་བྱས་ཏེ་བྱིས་པ་སྐྱོང་བའི་ཆེད་མཁས་པའི་མཛོད་འཛུགས་ཤིང་། གསོ་རིག་དང་སེམས་ཁམས། སློབ་གསོ་སོགས་ཆེད་ལས་ཁྱབ་ཁོངས་སུ་ཁྱབ་པར་བྱས་ཐོག ཐོགམའི་དུས་ཀྱི་སློབ་གསོ་དང་གསོ་རིག་ཐོན་ཁུངས་ཕྱོགས་བསྡུས་བྱས་ནས་སྡེ་ཁུལ་དུ་ཚན་རིག་ལྟར་བྱིས་པ་སྐྱོང་བའི་རྣམ་གྲངས་སྤེལ་དགོས། (སྣེ་འཁྲིད་མཁན་སྡེ་ཚན་ནི་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ཡིན། འགན་འཁུར་མཁན་སྡེ་ཚན་ནི་ཞིང་ཆེན་སློབ་གསོ་ཐིན་དང་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཡིན།)
3.ཁྱིམ་ཚང་དུ་སོང་ནས་མཛུབ་སྟོན་བྱེད་པ་དང། ཕ་མ་དང་བྱིས་པ་མཉམ་ཞུགས་ཀྱི་བྱ་འགུལ་སྤེལ་བ། ཁྱིམ་ཚང་ལ་སློབ་ཁྲིད་བྱེད་པ། “སྦྲེལ་དྲ+”སོགས་ཀྱི་བྱེད་སྟངས་མང་པོར་བརྟེན་ནས་ཁྱིམ་བདག་དང་ཁྱེའུ་དང་བྱིས་པ་སྐྱོང་མཁན་ལ་ཚན་རིག་ལྟར་ཁྱེའུ་དང་བྱིས་པར་ལྟ་རྟོག་བྱེད་ཚུལ་མཛུབ་སྟོན་བྱས་ནས། ཁྱིམ་ཚང་གི་བྱིས་པ་ཚན་རིག་ལྟར་སྐྱོང་བའི་ནུས་པ་ཇེ་ཆེར་གཏང་དགོས། (སྣེ་འཁྲིད་མཁན་སྡེ་ཚན་ནི་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ཡིན། འགན་འཁུར་མཁན་སྡེ་ཚན་ནི་ཞིང་ཆེན་སློབ་གསོ་ཐིན་ཡིན།)

4.གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ལ་ཞབས་ཕྱི་དང་མ་བུ་བདེ་ཐང་ལ་ཞབས་ཕྱིའི་བྱ་བ་ལེགས་པོར་བསྒྲུབས་ནས། ཁྱེའུ་དང་བྱིས་པའི་ཁྱིམ་ཚང་ལ་གསར་སྐྱེས་ཕྲུ་གུར་འཚམས་འདྲི་དང་བཟའ་བཅའི་འཚོ་བཅུད་མཛུབ་སྟོན། འཚར་ལོངས་འབྱུང་ཚུལ་ལ་ཞིབ་དཔྱད་ཚད་ལེན། ཉེན་མེད་འགོག་སྲུང་བྱེད་རྒྱུར་མཛུབ་སྟོན། རིམས་འགོག་སྨན་ཁབ་རྒྱག་པ་སོགས་ཀྱི་ཞབས་ཕྱི་བསྒྲུབ་དགོས། (སྣེ་འཁྲིད་མཁན་སྡེ་ཚན་ནི་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ཡིན། འགན་འཁུར་མཁན་སྡེ་ཚན་ནི་ཞིང་ཆེན་སྤྱི་བདེ་ཐིན་དང་ཞིང་ཆེན་ཁྲོམ་རར་ལྟ་སྐུལ་དོ་དམ་ཅུས་ཡིན།)
      (གཉིས) ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་འཕེལ་རྒྱས་རྣམ་པ་འཚོལ་ཞིབ་བྱ་དགོས།

1.རིམ་པ་སོ་སོའི་སྲིད་གཞུང་གིས་རྒྱལ་ཁོངས་བར་སྟོང་འཆར་འགོད(ཡང་ན་གྲོང་ཁྱེར་གྲོང་གསེབ་འཆར་འགོད་དང་ས་ཞིང་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད)དང་རྒྱུན་སྡོད་མི་འབོར་གྱི་གཞི་ཁྱོན། མི་འབོར་གྲུབ་ཚུལ་གྱི་འགྱུར་ལྡོག་བཅས་གཞིར་བཟུང་ནས་ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་ལས་ཁུངས་ཚན་རིག་དང་མཐུན་པར་འཆར་འགོད་བྱས་ཏེ་བསྐྲུན་དགོས། བསྐྲུན་ཟིན་པ་དང་གྲོང་ཁྱེར་རྙིང་བ་སྒྱུར་བཀོད་བྱས་པའི་སྡོད་གནས་ཁུལ་ལ་ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་སྒྲིག་བཀོད་མེད་ན། འབྲེལ་ཡོད་ཚད་གཞི་དང་ཚད་ལྡན་ལྟར་དུས་མཉམ་དུ་འཆར་འགོད་བྱེད་པ་དང་། 2022ལོའི་ལོ་མཇུག་གི་སྔོན་དུ་ཉོ་སྒྲུབ་དང་བརྗེ་རེས། བོགས་མར་གཏོང་ལེན་སོགས་ཀྱི་བྱེད་སྟངས་སྤྱད་ནས་བསྐྲུན་དགོས། རིམ་པ་སོ་སོའི་སྲིད་གཞུང་གིས་དོན་དངོས་གཞིར་བཟུང་སྟེ་གྲོང་གསེབ་དང་འབྲོག་ཁུལ་གྱི་ཕྱོགས་བསྡུས་ཞབས་ཕྱིའི་སྒྲིག་བཀོད་འཛུགས་སྐྲུན་ཁྲོད་ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་སྒྲིག་བཀོད་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་ཀྱིས་བསམ་བློ་གཏང་དགོས། མཁར་གྲོང་གི་ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་ལས་ཁུངས་འཛུགས་སྐྲུན་ཐད་གྲོང་ཁྱེར་དུ་སོང་ནས་ཞོར་ལས་གཉེར་བའི་མི་སྣ་དང་འགྲོགས་ཏེ་ཡོང་བའི་ཁྱེའུ་དང་བྱིས་པའི་ལྟ་རྟོག་ཞབས་ཕྱིའི་དགོས་མཁོ་ལ་བསམ་བློ་གང་ལེགས་གཏང་དགོས། (སྣེ་འཁྲིད་མཁན་སྡེ་ཚན་ནི་གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་།ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན།ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་བཅས་ཡིན། འགན་འཁུར་མཁན་སྡེ་ཚན་ནི་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་འཚུབ་ཟློག་ཐིན་ཡིན།)

2.ཐོན་ཁུངས་བཀོད་སྒྲིག་ཁྲོད་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྣ་མང་ཅན་འཁྲིད་ཕྱོགས་སུ་འཛིན་པའི་ཁྲོམ་ར་ཐེ་ཞུགས་རྣམ་པ་ཆགས་པར་སྐུལ་བསྟོད་དང་འཐུས་ཚང་དུ་བཏང་ནས། སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་གཅིག་སྡུད་བྱས་ཏེ་ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་བྱ་བ་འཕེལ་རྒྱས་གཏོང་བའི་ཁྲོད་དུ་མཉམ་དུ་གཞུག་དགོས། རིམ་པ་སོ་སོའི་སྲིད་གཞུང་གིས་ཕན་ཡོད་ཆ་རྐྱེན་བསྐྲུན་ནས་ཀུན་ཕན་རང་བཞིན་གྱི་ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་ལས་དོན་གོང་དུ་སྤེལ་བར་སྐུལ་བསྟོད་གཏང་དགོས། འབྲེལ་ཡོད་ཀྱི་འོས་ཐོབ་བླངས་ཤིང་ཆེད་ལས་ཀྱི་ཚད་གཞིར་མཐུན་པའི་ཁེ་ལས་ཆེ་འབྲིང་དང་མི་སྒེར་གྱིས་ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་ལས་ཁུངས་འཛུགས་གཉེར་བྱེད་པར་སྐུལ་བསྟོད་བྱ་དགོས། ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱི་སྒྲུབ་མཁན་ལས་ཁུངས་སོ་སོས་ཁྱིམ་ཚང་གི་དགོས་མཁོ་དངོས་གཞིར་བཟུང་ནས། ཉིན་ཧྲིལ་བོར་བཅོལ་བ་དང་ཉིན་ཕྱེད་ཀར་བཅོལ་བ། དུས་ཚོད་བགྲངས་ནས་བཅོལ་བ། གནས་སྐབས་སུ་བཅོལ་བ་སོགས་ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱི་སྣ་མང་ཅན་འདོན་སྤྲོད་བྱ་དགོས། (སྣེ་འཁྲིད་མཁན་སྡེ་ཚན་ནི་གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་།ཞིང་ཆེན་ནོར་སྲིད་ཐིན། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་བཅས་ཡིན། འགན་འཁུར་མཁན་སྡེ་ཚན་ནི་ཞིང་ཆེན་སློབ་གསོ་ཐིན་དང་ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་ཁྲོམ་རར་ལྟ་སྐུལ་དོ་དམ་ཅུས། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་བཅས་ཡིན།)
3.ལྟ་རྟོག་ཐོན་ཁུངས་གཅིག་གྱུར་གྱིས་འཆར་འགོད་བྱེད་པར་ཤུགས་བསྣན་ནས“བུ་བཅོལ་ཁང་དང་བྱིས་སྐྱོང་ཁང་གཞི་གཅིག་ཅན་དུ་སྒྱུར་བའི”བྱ་བ་ཟབ་སྤེལ་བྱ་དགོས། “བུ་བཅོལ་ཁང་དང་བྱིས་སྐྱོང་ཁང་གཞི་གཅིག་ཅན་དུ་སྒྱུར་བའི”འཛུགས་སྐྲུན་ཧུར་ཐག་གིས་ཁྱབ་སྤེལ་དང་། བྱིས་སྐྱོང་ཁང་གི་གྲངས་འབོར་ཚན་རིག་དང་མཐུན་པར་འཆར་འགོད་བྱེད་ཅིང། ཆ་རྐྱེན་འཛོམས་པའི་བྱིས་སྐྱོང་ཁང་གིས་བྱིས་བཅོལ་འཛིན་གྲྭ་འཛུགས་པར་སྐུལ་བསྟོད་དང་རྒྱབ་སྐྱོར་བྱས་ཏེ་བྱིས་བཅོལ་འཛིན་གྲྭའི་གཞི་ཁྱོན་རྒྱ་བསྐྱེད་པ་དང་ལོ2ནས་ལོ3བར་གྱི་བྱིས་པ་བསྡུ་དགོས། དམངས་གཉེར་བྱིས་སྐྱོང་ཁང་ལ་ཀུན་ཕན་རང་བཞིན་གྱི་སྲིད་ཇུས་ཀྱིས་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། དམངས་གཉེར་བྱིས་སྐྱོང་ཁང་གིས་བྱིས་བཅོལ་འཛིན་གྲྭ་འཛུགས་པར་སྐུལ་བསྟོད་གཏང་དགོས། (སྣེ་འཁྲིད་མཁན་སྡེ་ཚན་ནི་ཞིང་ཆེན་སློབ་གསོ་ཐིན་དང་ཞིང་ཆེན་དམངས་སྲིད་ཐིན་ཡིན། འགན་འཁུར་མཁན་སྡེ་ཚན་ནི་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་ཁྲོམ་རར་ལྟ་སྐུལ་དོ་དམ་ཅུས། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་བཅས་ཡིན།)

4 .“བཅོལ་གསོ་མཉམ་འབྲེལ་སྒྲིག་གཞིའི”རྐྱེན་སྲོལ་འཛུགས་པར་འཚོལ་ཞིབ་བྱ་དགོས།

དོ་དམ་དང་ཆེད་ལས་འཇོན་མི་སོགས་ཀྱི་ཐད་དུ་ད་ཡོད་བྱིས་སྐྱོང་ཁང་གི་ཐོན་ཁུངས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཐོག གསར་དུ་བཙུགས་པའི་ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་ལས་ཁུངས་དང་ཆ་བསྒྲིགས་ནས“བཅོལ་གསོ་མཉམ་འབྲེལ་སྒྲིག་གཞི”མཉམ་དུ་འཛུགས་པ་དང་། དམིགས་འབེན་འགན་འཁྲིའི་ཡི་གེ་བཀོད་དེ། ལོ3མན་གྱི་ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་སྤུས་ཚད་ལེགས་སུ་གཏོང་བར་མཉམ་དུ་སྐུལ་འདེད་གཏོང་བ་མ་ཟད། “བཅོལ་གསོ་མཉམ་འབྲེལ་སྒྲིག་གཞིའི”ཁྲོད་ལོ0ནས3བར་གྱི་བྱིས་པ་དང་ལོ3ནས་ལོ6བར་གྱི་བྱིས་པའི་སྔོན་འགྲོའི་སློབ་གསོ་བར་དུ་སྲུབས་མེད་འབྲེལ་མཐུད་ཡོང་བར་བྱས་ནས། མང་ཚོགས་ཀྱི་བྱིས་པ་གསོ་བའི་ཁུར་བོ་སྔར་ལས་ཇེ་ཡང་དུ་གཏང་དགོས། (སྣེ་འཁྲིད་མཁན་སྡེ་ཚན་ནི་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སློབ་གསོ་ཐིན་ཡིན། འགན་འཁུར་མཁན་སྡེ་ཚན་ནི་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དང་ཞིང་ཆེན་ཁྲོམ་རར་ལྟ་སྐུལ་དོ་དམ་ཅུས་ཡིན།)
      5.སྡེ་ཁུལ་གྱི་ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་བྱ་བ་ཤུགས་ཆེན་པོས་འཕེལ་རྒྱས་གཏང་དགོས།རིམ་པ་སོ་སོའི་སྲིད་གཞུང་གི་མཛུབ་སྟོན་འོག་ཏུ་ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱི་དེ་སྡེ་ཁུལ་གྱི་ཞབས་ཕྱིའི་མ་ལག་ནང་དུ་འཇུག་དགོས། སྡེ་ཁུལ་གྱི་བེད་མེད་ས་སྟོང་གི་ཐོན་ཁུངས་སྔོག་འདོན་དང། སྡེ་ཁུལ་གྱི་ལོ་རན་མི་གྲངས་ལྟར་ལུགས་མཐུན་གྱིས་འཆར་འགོད་དང་བཀོད་སྒྲིག་བྱས་ནས། ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱི་སྒྲུབ་གནས་དང་ཕ་མ་དང་བྱིས་པ་མཉམ་ཞུགས་ཀྱི་བྱ་འགུལ་སྤེལ་བའི་སྒྲིག་བཀོད་འདོན་སྤྲོད་བྱས་ཐོག ཆ་རྐྱེན་དང་མཐུན་པའི་བྱིས་བཅོལ་ལས་ཁུངས་ཀྱིས་སྤྱི་ཕན་རང་བཞིན་གྱི་ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱི་དང་དུ་ལེན་པར་མངགས་བཅོལ་བྱས་ཏེ། སྡེ་དམངས་ཁྱིམ་ཚང་ལ་རིམ་པ་མང་ཞིང་སྣ་མང་ཅན་གྱི་ལྟ་རྟོག་ཞབས་ཕྱི་འདོན་སྤྲོད་བྱ་དགོས། (སྣེ་འཁྲིད་མཁན་སྡེ་ཚན་ནི་གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ཡིན། འགན་འཁུར་མཁན་སྡེ་ཚན་ནི་ཞིང་ཆེན་སློབ་གསོ་ཐིན་དང་ཞིང་ཆེན་དམངས་སྲིད་ཐིན། ཞིང་ཆེན་འཚུབ་ཟློག་ཐིན། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས། ཞིང་ཆེན་ཁྲོམ་རར་ལྟ་སྐུལ་དོ་དམ་ཅུས་བཅས་ཡིན།)

6.བཟོ་ཚོགས་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱས་ནས་སྡེ་ཚན་གྱི་ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་འགན་སྲུང་བྱེད་ནུས་ལ་ཇེ་དྲག་ཏུ་གཏང་དགོས། ཆ་རྐྱེན་འཛོམས་པའི་ཁེ་དོན་ལས་སྡེ་ཚན་གྱིས་ཁེར་རྐྱང་དང་ཡང་ན་འབྲེལ་ཡོད་སྡེ་ཚན་དང་མཉམ་འབྲེལ་བྱས་ཏེ་མཉམ་དུ་འཛུགས་པའི་བྱེད་སྟངས་སྤྱད་ནས་ལས་བཟོ་བར་ཕན་བདེ་རང་བཞིན་གྱི་ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱི་འདོན་སྤྲོད་བྱེད་པར་སྐུལ་བསྟོད་བྱེད་པ་དང་། ཆ་རྐྱེན་ལྡན་པ་དག་གིས་ཐག་ཉེ་སའི་སྡེ་དམངས་ལ་སྒོ་འབྱེད་ཆོག (སྣེ་འཁྲིད་མཁན་སྡེ་ཚན་ནི་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཡིན། འགན་འཁུར་མཁན་སྡེ་ཚན་ནི་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དང་ཞིང་ཆེན་འཚུབ་ཟློག་ཐིན། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས།ཞིང་ཆེན་ཁྲོམ་རར་ལྟ་སྐུལ་དོ་དམ་ཅུས་བཅས་ཡིན།)

    (གསུམ) ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་ལས་ཁུངས་ཚད་ལྡན་དུ་འཕེལ་རྒྱས་གཏང་དགོས།

1.རྒྱལ་ཁབ་ཀྱི་བཅོལ་གསོ་ལས་ཁུངས་སྒྲིག་འཛུགས་ཚད་གཞི་དང་དོ་དམ་ཚད་གཞི། ལས་སྒྲུབ་མི་སྣ་དོ་དམ་བཅས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་ལས་ཁུངས་ཚད་ལྡན་དུ་སྒྲིག་འཛུགས་བྱ་དགོས། ཆེས་མང་ན་ཐེངས་གཅིག་རྒྱུག་པའི་རྐྱེན་སྲོལ་འཛུགས་པར་སྐུལ་འདེད་གཏོང་ཞིང་། ལྟ་རྟོག་ལས་ཁུངས་ཀྱིས་ཐོ་འགོད་དང་ཐོ་འགོད་སྙན་སེང་ཞུ་བའི་ལམ་ལུགས་དང་། བྱ་བ་སྒྲུབ་མཁན་གྱི་ལས་རིགས་ཐོབ་ཐང་འཇུག་འཁྲོལ་ལམ་ལུགས་བཙུགས་ཐོག་འཐུས་ཚང་དུ་གཏང་དགོས།ལོ3མན་གྱི་ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་ཆ་འཕྲིན་ཅན་གྱི་དོ་དམ་ལ་སྐུལ་སྤེལ་གཏོང་བ་དང།“སྦྲེལ་དྲ+ལྟ་རྟོག་ཞབས་ཕྱིའི”བྱ་བའི་རྐྱེན་སྲོལ་འཛུགས་པར་འཚོལ་ཞིབ་བྱ་དགོས། འདོམས་ཁོངས་ལ་ོ་དམ་དང་ལས་བགོས་ལྟར་འགན་འཁུར་བའི་རྩ་དོན་གཞིར་བཟུང་ནས། རིམ་པ་སོ་སོའི་སྲིད་གཞུང་གིས་ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་བྱ་བ་ཚད་ལྡན་དུ་འཕེལ་རྒྱས་དང་བདེ་འཇགས་ངང་ལྟ་སྐུལ་དོ་དམ་བྱེད་པར་འགན་འཁུར་བ་དང་། འབྲེལ་ཡོད་སྡེ་ཁག་སོ་སོས་རང་རང་གི་འགན་འཁྲི་ལྟར་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་བྱེད་ཅིང་། ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་ལས་ཁུངས་སོ་སོས་ཁྱེའུ་དང་བྱིས་པའི་བདེ་འཇགས་དང་བདེ་ཐང་ལ་འགན་འཁྲི་གཙོ་བོ་འཁུར་དགོས། (སྣེ་འཁྲིད་མཁན་སྡེ་ཚན་ནི་གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ནོར་སྲིད་ཐིན།ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་ཁྲོམ་རར་ལྟ་སྐུལ་དོ་དམ་ཅུས་བཅས་ཡིན།འགན་འཁུར་མཁན་སྡེ་ཚན་ནི་ཞིང་ཆེན་སློབ་གསོ་ཐིན་དང་ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན།ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན། ཞིང་ཆེན་འཚུབ་ཟློག་ཐིན། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་བཅས་ཡིན།)

2.འཇུག་འཁྲོལ་དོ་དམ་ལ་ཤུགས་བསྣན་དགོས།

ཁེ་གཉེར་རང་བཞིན་མིན་པའི་ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་ལས་ཁུངས་འཛུགས་ན། ལས་ཁུངས་གནས་སའི་རྫོང་རིམ་པ་ཡན་གྱི་ལས་ཁུངས་སྒྲིག་གཞི་སྡེ་ཁག་གམ་ཡང་ན་དམངས་སྲིད་སྡེ་ཁག་ཏུ་སོང་ནས་ཁྲིམས་མི་ཐོ་རུ་འགོད་པའི་འགྲོ་ལུགས་ཁྲིམས་ལྟར་བསྒྲུབ་དགོས། ཁེ་གཉེར་རང་བཞིན་གྱི་ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་ལས་ཁུངས་འཛུགས་ན། ལས་ཁུངས་གནས་སའི་རྫོང་རིམ་པ་ཡན་གྱི་ཁྲོམ་རར་ལྟ་སྐུལ་དོ་དམ་སྡེ་ཁག་ཏུ་སོང་ནས་ཁྲིམས་མི་ཐོ་འགོད་པའི་འགྲོ་ལུགས་ཁྲིམས་ལྟར་བསྒྲུབ་དགོས། ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་ལས་ཁུངས་ལ་ཆོག་མཆན་བཀོད་དེ་ཐོ་རུ་བཀོད་རྗེས། ས་གནས་དེ་གའི་འཕྲོད་བསྟེན་བདེ་ཐང་སྡེ་ཁག་ལ་འཕྲལ་མར་ཐོ་འགོད་སྙན་སེང་ཞུ་བ་དང་། ཐོ་འགོད་ལས་ཁུངས་ཀྱིས་འབྲེལ་ཡོད་ཐོ་འགོད་ཆ་འཕྲིན་དག་ས་གནས་དེ་གའི་འཕྲོད་བསྟེན་བདེ་ཐང་སྡེ་ཁག་ལ་དུས་ཐོག་ཏུ་བརྒྱུད་སྒྲོག་བྱ་དགོས། ཁེ་དོན་ལས་སྡེ་ཚན་གྱིས་རང་སྡེ་ཚན་གྱི་ལས་བཟོ་བའི་ལོ་རན་བྱིས་པར་ཁ་གཏད་ནས་རིན་མི་ལེན་པའི་ཕན་བདེ་རང་བཞིན་གྱི་ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་ལས་ཁུངས་འཛུགས་ན། ཁེ་གཉེར་རང་བཞིན་མིན་པའི་ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་ལས་ཁུངས་ཀྱི་ཐོ་འགོད་གོ་རིམ་ལྟར་བསྒྲུབ་དགོས།(སྣེ་འཁྲིད་མཁན་སྡེ་ཚན་ནི་ཞིང་ཆེན་དམངས་སྲིད་ཐིན་དང་ཞིང་ཆེན་ཁྲོམ་རར་ལྟ་སྐུལ་དོ་དམ་ཅུས་ཡིན། འགན་འཁུར་མཁན་སྡེ་ཚན་ནི་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཡིན།)
      3.ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་དགོས། ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་ལས་ཁུངས་ལ་ཐོ་འགོད་ལོ་བཤེར་ལམ་ལུགས་ལག་བསྟར་བྱེད་པ་དང།ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་ལས་ཁུངས་ཀྱི་ཁ་དན་ཚིག་གནས་ཡིག་ཚགས་བཙུགས་ནས། ཁྲིམས་དང་འགལ་ཞིང་ཁ་དན་ཚིག་ལ་མ་གནས་པར་ཆད་གཅོད་བསླབ་འདོམས་ལམ་ལུགས་ཆགས་པར་བྱ་དགོས། དུས་བཅད་ལྟར་ལས་གཉེར་ཐོབ་ཐང་ལ་ཞིབ་དཔྱད་དང་ཆེད་དམིགས་ཞིབ་བཤེར་བྱེད་པ་དང།ལས་ཁུངས་ཀྱི་ཆ་འཕྲིན་དོ་དམ་མ་ལག་བཙུགས་ནས་འགུལ་རྣམ་ལྟར་ལྟ་སྐུལ་དོ་དམ་བྱ་དགོས། ལོ་རེའི་ཟླ3པ་ནས་ཟླ5བའི་བར་རིམ་པ་སོ་སོའི་འཕྲོད་བསྟེན་བདེ་ཐང་སྡེ་ཁག་གིས་སྣེ་ཁྲིད་དེ་དོན་གཅོད་དབང་ཆ་ལྟར་འབྲེལ་ཡོད་སྡེ་ཁག་རྩ་འཛུགས་བྱས་ནས་ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་ལས་ཁུངས་ལ་ལོ་བཤེར་བྱེད་པ་དང་། ལོ་བཤེར་བྱས་ཏེ་ཚད་མ་ལོན་པ་དག་ལ་དུས་བཅད་ལྟར་དག་ཐེར་ལེགས་བཅོས་བྱེད་དུ་འཇུག་དགོས་ཤིང་། ལོ་གཉིས་ལ་བསྟུད་མར་ལོ་བཤེར་བྱས་ཏེ་ཚད་མ་ལོན་པ་དག་ལ། དཔང་ཡིག་སྟེར་མཁན་ལས་ཁུངས་ཀྱིས་ཐོ་འགོད་ཡི་གེ་ཕྱིར་བསྡུ་བ་མ་ཟད་སྤྱི་བསྒྲགས་བྱ་དགོས། ཐོ་རུ་མ་བཀོད་པའམ་ཡང་ན་སྒྲིག་བཀོད་ཆ་རྐྱེན་ཞན་པ་དང་དོ་དམ་རྙོག་འཛིང་ཡིན་ཞིང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཚབས་ཆེན་གནས་པའི་ལས་ཁུངས་ཡིན་ཕྱིན། རིམ་པ་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་དེ་དག་ལ་དུས་བཅད་ལྟར་དག་ཐེར་ལེགས་བཅོས་བྱེད་དུ་འཇུག་དགོས་ཤིང་། དག་ཐེར་ལེགས་བཅོས་བྱས་ཏེ་ཚད་མ་ལོན་པ་དག་ལ་ཁྲིམས་ལྟར་ཆད་པ་གཅད་དགོས། (སྣེ་འཁྲིད་མཁན་སྡེ་ཚན་ནི་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཁྲོམ་རར་ལྟ་སྐུལ་དོ་དམ་ཅུས། ཞིང་ཆེན་དམངས་སྲིད་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་བཅས་ཡིན།འགན་འཁུར་མཁན་སྡེ་ཚན་ནི་གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་འཚུབ་ཟློག་ཐིན།རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་བཅས་ཡིན།)

4.ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་ལས་ཁུངས་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་བར་ཤུགས་བསྣན་དགོས། རིམ་པ་སོ་སོའི་མ་བུ་བདེ་སྲུང་དང་རིམས་ནད་སྔོན་འགོག་ཚོད་འཛིན། འཕྲོད་བསྟེན་ལྟ་སྐུལ་སོགས་ལས་ཁུངས་ཀྱིས་འགན་འཁྲི་ལྟར་ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་ལས་ཁུངས་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་བར་ལས་སྒོ་མཛུབ་སྟོན་དང་འདྲི་རྟོག་ཞབས་ཕྱི།ལྟ་སྐུལ་ཞིབ་བཤེར་བྱེད་པར་ཤུགས་བསྣན་ནས། ཁྱེའུ་དང་བྱིས་པར་འཚོ་བའི་ཁོར་ཡུག་ལེགས་པོ་བསྐྲུན་དགོས། འགོས་ནད་སྔོན་འགོག་ཚོད་འཛིན་བྱེད་པ་དང་རྒྱུན་ཐོན་རིམས་ནད་བྱུང་ཚད་ཇེ་ཉུང་དུ་བཏང་སྟེ་ཁྱེའུ་དང་བྱིས་པའི་ལུས་སེམས་བདེ་ཐང་ཡོང་བར་འགན་སྲུང་བྱ་དགོས། (སྣེ་འཁྲིད་མཁན་སྡེ་ཚན་ནི་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ཡིན། འགན་འཁུར་མཁན་སྡེ་ཚན་ནི་ཞིང་ཆེན་ཁྲོམ་རར་ལྟ་སྐུལ་དོ་དམ་ཅུས་ཡིན།)
   གསུམ། འགན་སྲུང་བྱེད་ཐབས།

(གཅིག) རྩ་འཛུགས་དང་མགོ་ཁྲིད་ལ་ཤུགས་བསྣན་དགོས། རིམ་པ་སོ་སོའི་སྲིད་གཞུང་གིས་ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་བྱ་བ་གཙིགས་སུ་འཛིན་པ་དང་། ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་བྱ་བ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འབྲེལ་ཡོད་འཆར་འགོད་དང་དམིགས་འབེན་འགན་འཁྲིའི་དཔྱད་ཞིབ་ནང་དུ་གཞག་དགོས། ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་བཙུགས་ནས། ས་ཁོངས་ནང་གི་ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་དོ་དམ་བྱ་བའི་ཁྲོད་ཀྱི་གནད་དོན་ཆེན་པོར་དུས་བཅད་ལྟར་གྲོས་བསྡུར་བྱ་དགོས། གྲོང་ཁྱེར(ཁུལ)སོ་སོའི་སྲིད་གཞུང་གིས་བྱ་བའི་འཆར་གཞི་ཞིབ་ཕྲ་གཏན་ལ་ཕབ་ནས་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་དང་བྱ་བ་དངོས་སུ་འབེབས་པར་སྐུལ་འདེད་གཏང་དགོས། ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་འཕེལ་རྒྱས་བྱ་བ་དེ་རིམ་པ་སོ་སོའི་འཕྲོད་བསྟེན་བདེ་ཐང་སྡེ་ཁག་གིས་སྣེ་ཁྲིད་དེ།འབྲེལ་ཡོད་སྡེ་ཁག་སོ་སོས་གཞོགས་འདེགས་དམ་ཟབ་བྱེད་པ་དང་མཉམ་ལས་ལ་ཤུགས་བསྣན་ཐོག རང་རང་གི་འགན་འཁྲི་ལྟར་ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་བྱ་བར་མཛུབ་སྟོན་དང་ལྟ་སྐུལ། དོ་དམ་བྱེད་པར་ཤུགས་བསྣན་ནས། ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་འཕེལ་རྒྱས་བྱ་བ་མཉམ་དུ་ལེགས་སྒྲུབ་བྱ་དགོས།དུས་མཚུངས་སུ་ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱི་དང་འབྲེལ་བ་ཡོད་པའི་སྲིད་ཇུས་ཧུར་ཐག་གིས་དྲིལ་སྒྲོག་དང། དྲང་ཕྱོགས་ནས་ཁྲིད་སྟོན་བྱེད་པར་ཤུགས་བསྣན་ཏེ་སྤྱི་ཚོགས་ཀྱི་སྣང་ཚུལ་བཟང་པོ་ཆགས་པར་བྱ་དགོས། (སྣེ་འཁྲིད་མཁན་སྡེ་ཚན་ནི་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ཡིན། འགན་འཁུར་མཁན་སྡེ་ཚན་ནི་གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་སྤྱི་བདེ་ཐིན།ཞིང་ཆེན་དམངས་སྲིད་ཐིན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན།ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན། ཞིང་ཆེན་འཚུབ་ཟློག་ཐིན། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས། ཞིང་ཆེན་ཁྲོམ་རར་ལྟ་སྐུལ་དོ་དམ་ཅུས། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཡིན།)
     (གཉིས) སྲིད་ཇུས་ཐོག་ནས་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏང་དགོས། མི་སྤྱོད་སྡེ་ཚན་གྱིས་ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱི་དང་ཆ་ཚང་སྡེབ་སྒྲིག་དང་འབྲེལ་མཐུད་བྱེད་པའི་ཕྲུག་གསོ་གུང་སེང་དང་བདག་སྐྱོང་གུང་སེང་ཧུར་ཐག་གིས་འཚོལ་ཞིབ་བྱས་ནས་ཚོད་ལྟའི་ལག་ལེན་བྱེད་པར་སྐུལ་བསྟོད་བྱ་དགོས།ནོར་སྲིད་པུའུ་དང་ཁྲལ་དོན་སྤྱི་ཁྱབ་ཅུས་སོགས་པུའུ་ཨུ6གི་རྒན་གསོ་བཅོལ་གསོ་ཁྱིམ་དོན་སོགས་སྡེ་ཁུལ་གྱི་ཁྱིམ་ཚང་ལ་ཞབས་ཕྱི་སྒྲུབ་པའི་ལས་རིགས་ཀྱི་ཁྲལ་སྡུད་གཟིགས་སྐྱོང་སྲིད་ཇུས་སྐོར་གྱི་སྤྱི་བསྒྲགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ནས། སྡེ་ཁུལ་ལ་བཅོལ་གསོ་ཞབས་ཕྱི་འདོན་སྤྲོད་བྱེད་རྒྱུའི་ལས་ཁུངས་ཀྱིས་གཏན་འབེབས་ལྟར་ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་ལོངས་སུ་སྤྱོད་ཆོག་པ་དང་། སྡེ་ཁུལ་ལ་བཅོལ་གསོའི་ཞབས་ཕྱི་འདོན་སྤྲོད་བྱེད་པའི་ལས་ཁུངས་དེ་ཉིད་ལ་ཡོད་པའམ་དེས་བོགས་མར་ལེན་པ་དང་རིན་དོད་མེད་པར་བེད་སྤྱོད་པ་སོགས་ཀྱི་བྱེད་སྟངས་ལ་བརྟེན་ནས་ཐོབ་ཅིང་བཅོལ་གསོའི་ཞབས་ཕྱི་འདོན་སྤྲོད་བྱེད་ཐད་དུ་བེད་སྤྱད་པའི་ཁང་ཁོངས་དང་ས་ཞིང་ལ། ཁང་ཁོངས་དཔྱ་ཁྲལ་དང་མཁར་གྲོང་གི་ས་ཞིང་བེད་སྤྱོད་དཔྱ་ཁྲལ་རྩ་ཆག་གཏང་དགོས། ཁེ་ལས་སུ་དངོས་སུ་བྱུང་བའི་ལས་བཟོ་བའི་ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་འགྲོ་གྲོན་དེ་ལས་བཟོ་བའི་ཕན་བདེའི་གྲོན་དངུལ་གྱི་འགྲོ་སྒོའི་ཁྱབ་ཁོངས་ལ་གཏོགས་པ་དང་། ཁྲལ་དོན་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་རྩིས་བརྒྱབ་ནས་འཕྲི་དགོས།(སྣེ་འཁྲིད་མཁན་སྡེ་ཚན་ནི་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས།ཞིང་ཆེན་ནོར་སྲིད་ཐིན་བཅས་ཡིན། འགན་འཁུར་མཁན་སྡེ་ཚན་ནི་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་དམངས་སྲིད་ཐིན། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་བཅས་ཡིན།)

(གསུམ) ས་ཞིང་འགན་སྲུང་ལེགས་པོ་བྱ་དགོས། རིམ་པ་སོ་སོའི་སྲིད་གཞུང་གིས་ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་ལས་ཁུངས་དང་སྒྲིག་བཀོད་འཛུགས་སྐྲུན་བྱེད་ས་དེ་རྒྱལ་ཁོངས་བར་སྟོང་འཆར་འགོད(ཡང་ན་ས་ཞིང་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད་དང་གྲོང་ཁྱེར་གྲོང་གསེབ་འཆར་འགོད)དང་དེ་བཞིན་ལོ་འཁོར་གྱི་ས་ཞིང་བེད་སྤྱོད་འཆར་འགོད་ནང་དུ་བཀོད་ནས་སྔོན་ལ་འགན་སྲུང་བྱ་དགོས། ས་ཞིང་བརྒྱུད་བཀོལ་དམིགས་ཚད་དང་སྤྱོད་བྱའི་གསར་སྣོན་ས་ཞིང་གི་དམིགས་ཚད་བགོ་བཤའ་རྒྱག་དུས་ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་ལས་ཁུངས་ཀྱི་འཛུགས་སྐྲུན་བྱེད་སའི་ཐད་དུ་གཟིགས་སྐྱོང་འོས་འཚམ་བྱ་དགོས། ཕན་འབྲས་ཆུང་བའི་ས་ཞིང་ངམ་བེད་མེད་དུ་བཞག་པའི་ས་ཞིང་བེད་སྤྱད་དེ་ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་ལས་ཁུངས་དང་སྒྲིག་བཀོད་བསྐྲུན་པར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱ་དགོས།ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་སྒྲིག་བཀོད་དང་ཁེ་གཉེར་རང་བཞིན་མིན་པའི་ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་ལས་ཁུངས་སྐྲུན་ས་དེ《ས་ཞིང་གཏོང་སྤྲོད་དཀར་ཆག》དང་མཐུན་ན། གཏོང་སྤྲོད་བྱེད་སྟངས་ལྟར་འགན་སྲུང་བྱ་ཆོག (སྣེ་འཁྲིད་མཁན་སྡེ་ཚན་ནི་གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་།ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན།ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་བཅས་ཡིན། འགན་འཁུར་མཁན་སྡེ་ཚན་ནི་ཞིང་ཆེན་འཚུབ་ཟློག་ཐིན་ཡིན།)
        (བཞི) མགྱོགས་མྱུར་གྱིས་དཔུང་སྡེ་འཛུགས་སྐྱོང་བྱ་དགོས། རིམ་པ་སོ་སོའི་སྲིད་གཞུང་གིས་ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་བྱ་བ་སྒྲུབ་མཁན་དེ་དགོས་གཏུག་ཆེ་བའི་མི་སྣ་དཀོན་པོར་བརྩིས་ནས་གསོ་སྦྱོང་འཆར་གཞིའི་ནང་དུ་དགོད་དགོས། མཐོ་རིམ་སློབ་གྲྭ་དང་ལས་རིགས་སློབ་གྲྭ(ལག་རྩལ་བཟོ་བའི་སློབ་གྲྭ)ཡིས་སྤྱི་ཚོགས་ཀྱི་དགོས་མཁོ་གཞིར་བཟུང་ནས་ཁྱེའུ་དང་བྱིས་པར་ལྟ་རྟོག་བྱེད་རྒྱུའི་འབྲེལ་ཡོད་ཆེད་ལས་བཙུགས་ཏེ། ཁྱེའུ་དང་བྱིས་པར་ལྟ་རྟོག་བྱེད་པའི་ཆེད་ལས་འཇོན་མི་ཧུར་ཐག་གིས་གསོ་སྐྱོང་བྱེད་པར་སྐུལ་བསྟོད་བྱ་དགོས། ཆ་རྐྱེན་དང་མཐུན་པའི་མི་སྣ་དག་ལ། གཏན་འབེབས་ལྟར་ལས་རིགས་གསོ་སྦྱོང་གི་ཁ་གསབ་དང་ལག་རྩལ་གསལ་འབྱེད་ཀྱི་ཁ་གསབ། ལག་རྩལ་མཐོར་འདེགས་ཀྱི་ཁ་གསབ་སྤྲད་དེ། ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་འཇོན་མི་གང་མགྱོགས་སྒོས་གསོ་སྐྱོང་བྱ་དགོས། (སྣེ་འཁྲིད་མཁན་སྡེ་ཚན་ནི་གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་བཅས་ཡིན།འགན་འཁུར་མཁན་སྡེ་ཚན་ནི་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ཡིན།)

(ལྔ) གྲོན་དངུལ་གཏོང་ཤུགས་ཇེ་ཆེར་གཏང་དགོས། རིམ་པ་སོ་སོའི་སྲིད་གཞུང་གིས་ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་བྱ་བའི་ཐད་མཁོ་བའི་གྲོན་དངུལ་སོགས་ནོར་སྲིད་སྔོན་རྩིས་ནང་དུ་བཞག་ནས།ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་བྱ་བ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་དང་། རྒྱུན་ལྡན་གྱི་གཞུང་ལས་སྒྲུབ་པ་དང་ལྟ་སྐུལ་དོ་དམ་དང་མཛུབ་སྟོན་བྱེད་པ། ཆེད་ལས་ཞིབ་འཇུག་དང་འཇོན་མི་གསོ་སྐྱོང་སོགས་ཀྱི་བྱ་བ་འགན་སྲུང་བྱ་དགོས། སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་སྤྱི་ཕན་རང་བཞིན་ལྡན་ཞིང་ཁེ་གཉེར་རང་བཞིན་མིན་པའི་ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་ལས་ཁུངས་བཙུགས་པ་ལ། སྲིད་གཞུང་གིས་ཞབས་ཕྱི་ཉོ་སྟངས་སྤྱད་དེ་རྒྱབ་སྐྱོར་བྱ་དགོས། སྤྱི་ཚོགས་ཀྱི་མ་དངུལ་འཇོག་པར་ཧུར་ཐག་གིས་ཁྲིད་སྟོན་ལེགས་པོ་བྱས་ནས། སྤྱི་ཚོགས་ཅན་གྱི་ཁྱེའུ་དང་བྱིས་པར་ལྟ་རྟོག་ཞབས་ཕྱིའི་ཐད་ལ་ཕྱོགས་མང་པོས་མ་དངུལ་འཇོག་པར་སྐུལ་འདེད་གཏང་དགོས། (སྣེ་འཁྲིད་མཁན་སྡེ་ཚན་ནི་གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་ཡིན། འགན་འཁུར་མཁན་སྡེ་ཚན་ནི་ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་དམངས་སྲིད་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་བཅས་ཡིན།)《ལག་བསྟར་བསམ་འཆར》འདི2019ལོའི་ཟླ9བའི་ཚེས29ཉིན་ནས་བཟུང་ལག་བསྟར་བྱ་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
2019ལོའི་ཟླ8པའི་ཚེས30ཉིན།