ཞིང་ཆེན་སློབ་གསོ་ཐིང་གིས་ཞིང་ཡོངས་སློབ་གསོའི་ཁོངས་གཏོགས་སྡེ་ཚན་ནས་བཟའ་བཏུང་ཆུད་གཟོན་གྱི་སྤྱོད་ངན་འགོག་པའི་བརྡ་ཐོ་བཏང་འདུག

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཟའ་བཏུང་འཕྲོ་བརླག་མི་བྱེད་ཅིང་། ཟས་རིགས་གྲོན་ཆུང་གི་གོམས་གཤིས་བཟང་པོ་ཆགས་དགོས་པའི་སློབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་ཐོག་ཏུ་འཁྱོལ་ཆེད། སློབ་སྐབས་གསར་པ་མ་ཚུགས་སྔོན་འདིར། ཞིང་ཆེན་སློབ་གསོ་ཐིང་གིས་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ལས་ཁུངས་སོ་སོས་བཟའ་བཏུང་ཆུད་གཟོན་པའི་སྤྱོད་ངན་པ་མཐའ་གཅིག་ཏུ་བཀག་འགོག་བྱ་དགོས་པར་བླང་བྱ་བཏོན་ལ། དེའི་ནང་རྒྱ་ཆེའི་དགེ་སློབ་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་གྲོན་ཆུང་སྲི་ཚགས་དང་དཀའ་སྤྱད་འབད་བརྩོན་གྱི་སྲོལ་བཟང་དང་། འཕྲོ་བརླག་ནི་ངོ་ཚ་དང་། གྲོན་ཆུང་ནི་གཟི་བརྗིད་ཡིན་པའི་གོམས་སྲོལ་བཟང་པོ་དར་སྤེལ་བཏང་སྟེ་རྩ་བའི་ཆ་ནས་སློབ་གྲྭའི་བཟའ་བཏུང་ཆུད་གཟོན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས་སྤྱི་ཚོགས་ཡོངས་ཀྱི་མིག་དཔེར་འགྱུར་དགོས་ཞེས་བླང་བྱ་བཏོན་ཡོད་པ་རེད།

བརྡ་ཐོའི་ནང་རེ་བ་བཏོན་པ་ལྟར། ས་གནས་ཁག་དང་སློབ་གྲྭ་ཁག་གིས་རྒྱལ་ཁབ་ཀྱི་གནས་ཚུལ་དང་ཞིང་ཆེན་གྱི་གནས་ཚུལ། ཀྲུང་ཧྭའི་སྤྱོད་བཟང་། སྲོལ་རྒྱུན་བཟང་པོ་བཅས་ཀྱི་ངོས་ནས་སློབ་གསོའི་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ། འབྲུ་རིགས་ལ་གཅེས་སྤྲས་བྱེད་པ་དང་། འཚོ་བ་བདེ་ཐང་ངང་ནས་རོལ་བ། ཟས་རིགས་ལ་ཡ་རབས་ཚུལ་ལྡན་གྱི་ངང་ནས་སྤྱོད་པའི་འདུ་ཤེས་རྒྱ་ཁྱབ་ཏུ་སྤེལ་ནས་རྒྱས་ཤོམ་དང་རྒྱས་ཟ་རྒྱས་འཐུང་འགྲན་པའི་སྤྱི་ཚོགས་ཀྱི་སྲོལ་ངན་མེད་པར་བཟོ་དགོས། རྒྱ་ཆེའི་དགེ་སློབ་རྣམས་ཀྱིས་འབྲུ་རིགས་ཀྱི་བདེ་འཇགས་ནི་རྒྱལ་ཁབ་ཡུན་རིང་བདེ་འཁོད་དང་མི་དམངས་ཀྱི་བདེ་སྐྱིད་འཚོ་བར་འབྲེལ་བ་དམ་པོ་ཡོད་པའི་ངོས་ཟིན་ཟབ་མོ་འཐོབ་པར་ཁྲིད་སྟོན་ཡག་པོ་བྱས་ནས“འབྲུ་རིགས་ནི་ཤིན་ཏུ་དཀོན་པའི་ཐོན་ཁུངས”ཞིག་ཡིན་པའི་འདུ་ཤེས་ཇེ་བརྟན་དང་། གྲོན་ཆུང་ལ་བརྩོན་པའི་བྱ་སྤྱོད་གོམས་གཤིས་སུ་འཇུག་དགོས་པའི་བླང་བྱ་བཏོན་འདུག

བརྡ་ཐོའི་ནང་རིམ་པ་ཁག་དང་རིགས་མི་འདྲ་བའི་སློབ་གྲྭ་ཁག་གིས་ཆེད་དོན་སློབ་གསོའི་བྱེད་སྒོ་ཤུགས་ཆེར་སྤེལ་ནས་གྲོན་ཆུང་སློབ་གསོ་དེ་སློབ་ཁང་གི་སློབ་ཁྲིད་ནང་འཇུག་དགོས་ལ། ནུས་ཁུངས་གྲོན་ཆུང་དྲིལ་སྒྲོག་གཟའ་འཁོར་དང་། འཛམ་གླིང་གི་འབྲུ་རིགས་ཉིན་མོ། རྒྱལ་ཡོངས་ཀྱི་འབྲུ་གཅེས་དུས་ཆེན་སོགས་ཀྱི་གོ་སྐབས་དང་བསྟུན་ནས་འཛིན་གྲྭའི་ཚོགས་འདུ། དཔེ་ཆ་དང་ཚགས་པར་ཀློག་པ། རྩོམ་ཡིག་བསྡུ་བའི་གཏམ་བཤད། པོད་ཕྲན་འགྲན་སྡུར། སྤྱི་ཕན་བརྡ་ཁྱབ་ཇུས་འགོད། འགུལ་རིས་བརྩམས་ཆོས་འཚོལ་བསྡུ་ལ་སོགས་བརྗོད་དོན་གསལ་པའི་དྲིལ་སྒྲོག་བྱེད་སྒོར་སྦྱར་ནས་གྲོན་ཆུང་གི་སློབ་གསོ་དེ་སློབ་གྲྭའི་རིག་གནས་དར་སྤེལ་གྱི་ཁྲོད་དུ་འཇུག་དགོས། སློབ་མའི་གསོལ་ཁང་གི་མཐོང་སླ་བའི་ངོས་ཟུར་དུ་དྲིལ་སྒྲོག་སྦྱར་བྱང་དང་དྲིལ་སྒྲོག་རི་མོ། དྲན་སྐུལ་བྱང་བུ་སོགས་སྦྱར་ནས་དགེ་སློབ་ཡོངས་ལ་ཟས་འོས་འཚམ་རེ་རོལ་ན་འབྲུ་རིགས་གྲོན་ཆུང་ཐུབ་པར་དྲན་སྐུལ་བྱ་དགོས་པའི་བླང་བྱ་བཏོན་ཡོད་པ་མ་ཟད། སློབ་མའི་ལོ་ཚད་དང་མཐུན་པའི་གྲོན་ཆུང་སྲི་ཚགས་ཀྱི་ལས་ལ་ཉམས་སུ་མྱོང་བའི་བྱེད་སྒོ་སྣ་ཚོགས་ཏེ། ཞིང་ལས་ཐོན་སྐྱེད་དམ་ཐོན་སྐྱེད་དངོས་སྦྱོང་རྟེན་གཞིར་སློབ་མ་རྣམས་ངལ་རྩོལ་གྱི་ལས་སུ་བཅུག་ནས་ངལ་རྩོལ་གྱི་བྲོ་བ་མྱོང་བའི་ཁྲོད་ནས་གྲོན་ཆུང་སྲི་ཚགས་ཀྱི་རིན་ཐང་རྟོགས་པར་ཁྲིད་སྟོན་བྱ་དགོས། སློབ་གྲྭ་སོ་སོས་སློབ་མའི་གསོལ་ཁང་གི་བཟའ་བཏུང་གྲོན་ཆུང་ལམ་ལུགས་མྱུར་དུ་བཙུགས་ནས། མ་སྐུལ་རང་རྟོགས་སྒོས་གྲོན་ཆུང་ལ་ཡར་སྐུལ་དང་འཕྲོ་བརླག་ལ་ངོ་རྒོལ་བྱེད་པ་དེ་སློབ་མའི་གོམས་གཤིས་སུ་ཆགས་པར་སྐུལ་སྤེལ་བྱ་དགོས། དེ་མིན་དུས་ངེས་ཅན་ནང་དུ་ཟབ་སྦྱོང་ལམ་ལུགས་བཙུགས་ཏེ།བཟའ་བཏུང་སྤུས་དག་སྤྱོད་པ་ལ་དང་དོད་ཆེན་པོ་བྱས་ནས་སྔོ་ཚལ་སོགས་ཇེ་ཉུང་དང་སོས་པ་མིན་པའི་རིགས་སྤྱད་ནས་འཕྲོ་བརླག་གཏོང་བར་དོགས་ཟོན་ནན་མོ་བྱ་དགོས། སློབ་མའི་ལོ་ཚད་ལྟར་བཟའ་བཏུང་ཡང་དེ་བསྟུན་གྱིས་མང་ཉུང་ཕྱེ་དགོས། གལ་ཏེ་ཆ་རྐྱེན་དང་ལྡན་ན་ཟས་རྒྱ་མར་ཚད་ནས་གྲོན་དངུལ་ལེན་ཐབས་ལག་བསྟར་བྱ་ཆོག དེ་བཞིན་དུ། བཟའ་བཏུང་གྲོན་ཆུང་གི་གོམས་གཤིས་བཟང་པོ་ཆགས་པའི་དཔེ་ལེགས་ཅན་དག་དགེ་རྒན་གྱི་ཀུན་སྤྱོད་གདེང་འཇོག་མ་ལག་དང་སློབ་མའི་ཕྱོགས་བསྡུས་བྱང་ཚད་གདེང་འཇོག་མ་ལག་ཏུ་འཇུག་དགོས། དགེ་རྒན་དང་སློབ་མ་གཙོ་བྱས་པའི་ལྟ་རྟོག་དང་ལེན་པའི་དཔུང་སྡེ་བཙུགས་ཏེ། བཟའ་བཏུང་ཆུད་ཟོས་ཀྱི་སྣང་ཚུལ་ལ་ལྟ་རྟོག་ནན་མོ་བྱེད་དུ་འཇུག་དགོས། ཞིབ་འཇུག་ཐོག་སློབ་གྲྭའི་གསོལ་ཁང་གི“གྲོན་ཆུང་མིང་ཐོ”བཟོ་དགོས་ལ། ཆ་རྐྱེན་དང་ལྡན་པའི་སློབ་གྲྭ་དག་གིས“གྲོན་ཆུང་སྐར་གསོག་བྱང་བུ”དང་ཡང་ན“སྡེར་གཙང་བྱང་བུར་བརྗེ་བ”ལ་སོགས་ཀྱི་སྒོ་ནས་དགེ་སློབ་རྣམས་སློབ་གྲྭའི་བཟའ་བཏུང་གྲོན་ཆུང་གི་བྱེད་སྤྱོད་དངོས་ལ་ཞུགས་པར་ཡར་སྐུལ་བྱ་དགོས་པའི་བླང་བྱ་སོགས་བཏོན་ཡོད་པ་རེད།

ཁོན་ཐར་འཚོས་བསྒྱུར།