མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་ལས་མཚོ་སྔོན་ལ་གཏོགས་པའི་ཡུལ་དུ་ཐེངས་དང་པོར་ཆུ་རྩྭའི་རིགས་ཀྱི་མ་དཔེ་ལ་རྟོག་དཔྱོད་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གསར་འགོད་པས་མདོ་ལ་རི་རྒྱུད་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་བདག་དོམ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། མདོ་ལ་རི་རྒྱུད་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ས་ཕྱོགས་ཀྱི་ཆེས་ཐོག་མར་དཔེར་མཚོན་རང་བཞིན་གྱི་བཞུར་ཆུ་དང་འདམ་རའི་ཆུར་གནས་སྐྱེ་ཁམས་ཁོར་ཡུག་གི་གནས་བབ། ཆུར་གནས་སྐྱེ་དངོས་ཀྱི་མ་དཔེ་བཅས་ལ་རྟོག་ཞིབ་བྱས་པ་རེད། ཐེངས་འདིའི་རྟོག་ཞིབ་བྱ་བས་མདོ་ལ་རི་རྒྱུད་རྒྱལ་ཁབ་སྤྱི་གླིང་གི་དཔེར་མཚོན་ཆུ་རྒྱུན་དང་འདམ་རའི་གནས་བབ་ལ་དཔྱད་འཇོག་བྱས་པ་དང་འདམ་རའི་གནས་བབ། ཆུར་གནས་སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོབ་བཅས་ཀྱི་ཐད་ལ་ཚན་རྩལ་གྱི་རྒྱབ་སྐྱོར་ནུས་ལྡན་ཐོབ་ཡོད།

རྟོག་ཞིབ་དུས་ཡུན་ཉིན16ཡིན་ལ། སྤྱིའི་འགྲོ་སྐྱོད་ལམ་ཐག་སྤྱི་ལེ4500 ཆེད་མཁས་པ16གིས་གནས་ཡུལ་མ་དཔེ48ལ་རྟོག་ཞིབ་བྱས་པ་རེད། དེའི་ཁྲོད་ཆུ་རྒྱུན36དང་འདམ་ར12ཡོད། གཙོ་བོ་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་རྒྱུད་ཀྱི་མཁར་ནག་ཆུ་བོ་དང་གསེར་ལྡན་ཆུ་བོ། ཐོ་ལེ་ཆུ་བོ། སུ་ལི་ཆུ་བོ། ཧྲི་ཡང་ཆུ་བོ། རྟ་ཐང་ཆུ་བོ། ལྡོང་ཆུ། དགུ་ཚིགས་ཆུ་བོའི་སྨད་རྒྱུད་ཀྱི་འདམ་ར། མཁར་ནག་མ་ཆུ་བོའི་འགོ་ཁུངས་ཀྱི་འདམ་ར། ཐོ་ལི་ཆུ་བོའི་གཡང་རོང་འདམ་ར། སུ་རི་ཆུ་བོའི་བརླན་ས། ཐང་དམར་འདམ་ར་སོགས་དཔེར་མཚོན་རང་བཞིན་གྱི་གཙང་བོ་དང་མཚེའུ་ཡི་འདམ་རའི་ཆུ་སྤུས་དང་ཆུར་གཡེང་རྩི་ཤིང་། མཚོ་སྐྱེས་ལྡུམ་རིགས། ཆུར་གཡེང་སྲོག་ཆགས། ནུར་བགྲོད་སྲོག་ཆགས། ཆུར་གནས་མཐོ་རིམ་སྲོག་ཆགས་དང་ཉ་རིགས་སོགས་ཆུར་གནས་སྐྱེ་དངོས་རིགས་ཀྱི་ཚོགས་སྤྱིའི་མ་ལག་ལ་རྟོག་ཞིབ་ནན་མོ་བྱས། དེ་ཡང་བརླན་གཤེར་སྟུག་ཚད་དང་གློག་འདྲེན་ནུས་ཆོད། ཆུའི་དྲོད་གྲང་། pHརིན་ཐང་། བཞུར་རྒྱུན། ཞའོ་སྐྱུར་ཚ་ཐན། ཨན་ཏན་སོགས་ཆུ་གཟུགས་རྫས་འགྱུར་གྱི་དམིགས་ཚད་དང་ཆུར་གནས་སྐྱེ་དངོས་རིགས་ཀྱི་ཚོགས་སྤྱི་ལ་གཏན་ཁེལ་རང་བཞིན་གྱི་གཞི་གྲངས་དབྱེ་ཞིབ་དང་ཚོགས་སྤྱིའི་སྒྲིག་གཞི་སོགས་སྐྱེ་དངོས་སྣ་མང་རང་བཞིན་གྱི་རྟོག་ཞིབ་ལྟ་སྐུལ་ཞིབ་བཤེར་ཚད་ལེན་བྱས་ཡོད།

མདོ་ལ་རི་རྒྱུད་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་བདག་དོམ་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་མི་སྣས་བཤད་པ་ལྟར་ན། མདོ་ལ་རི་རྒྱུད་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ས་ཕྱོགས་ཀྱི་དཔེར་མཚོན་རང་བཞིན་ལྡནཔའི་ཆུ་བོའི་འབབ་རྒྱུན་གྱི་འགོ་ཁུངས་དང་འདམ་སའི་གནས་ཡུལ་གྱི་ཆུའི་སྐྱེ་ཁམས་ཁོར་ཡུག་ལ་དུས་ཡུན་རིང་བོར་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད། མདོ་ལ་རི་རྒྱུད་རྒྱལ་ཁབ་སྤྱི་གླིང་གི་དུས་ཡུན་རིང་བོའི་ཚན་རིག་ཞིབ་འཇུག་རྟེན་གཞི་དང་། གཞི་གྲངས་ཆེན་མོའི་ལྟེ་གནས་ཀྱི་མཐུད་སྦྲེལ་འཐུས་ཚང་གི་མཚེའུ་རིག་པའི་ཚོད་ལྟའི་གར་སྟེགས་ལ་ཟུང་འབྲེལ་སྒོས། རིམ་བཞིན་རྨང་གཞིའི་གཞི་གྲངས་འཚོལ་བསྡུ་དང་གསོག་འཇོག བརྒྱུད་སྤྲོད་དང་དེ་མིན་འགྲེམས་སྤེལ་བཅས་ཀྱི་བྱ་བའི་སྒྲིག་གཞི་བརྒྱུད། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་རང་བྱུང་ཐོན་ཁུངས་མུར་འཕེལ་བེད་སྤྱོད། དེ་མིན་སྐྱེ་ཁམས་མ་ལག་གི་འོས་འཚམ་རང་བཞིན་གྱི་བདག་དོམ་མཁོ་འདོན་བཅས་ཀྱི་ཐད་ལ་ཚན་རྩལ་གྱི་རྒྱབ་སྐྱོར་ཐོབ་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།