མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱིས་ཞིང་ཆེན་ཡོངས་ཀྱི་ལས་གཞི་གལ་ཆེན་ཇུས་འདོན་མཁན་གྱི་མཁས་མཛོད་བཙུགས་པ།

——སྐོར་ཁག་དང་པོའི་ནང་ཆེད་མཁས་པ280འདེམས་ཏེ་མཚོ་སྔོན་གྱི“ལོ་ལྔའི་འཆར་གཞི་བཅུ་བཞི”པའི་ལས་གཞི་གལ་ཆེན་ལ་ཞིབ་འཇུག་ཇུས་འདོན་འབུལ་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལས་གཞིའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། ལས་གཞི་གལ་ཆེན་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ལས་གཞི་ཇུས་འགོད་ཀྱི་ཆུ་ཚད་དང་སྤུས་ཚད་མཐོར་འདེགས། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལས་གཞི་གལ་ཆེན་གཞན་སྒྱུར་ཇེ་མགྱོགས་སུ་གཏང་བ་བཅས་ཀྱི་ཕྱིར། མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱིས་ཞིང་ཆེན་ཡོངས་ཀྱི་ལས་གཞི་གལ་ཆེན་འཆར་འགོད་བྱེད་མཁན་གྱི་མཁས་མཛོད་བཙུགས་ཏེ། ཉེ་ཆར་སྤྱི་ལ་ཁ་ཕྱོགས་ཏེ་བསྡུ་རུབ་དང་ཐོག་མའི་འདེམས་བསྐོ་བརྒྱུད་ཆེད་མཁས་པ་སྐོར་ཁག་དང་པོ་མཁས་མཛོད་དུ་བཅུག་པ་གསལ་སྒྲོག་བྱས་འདུག

མཁས་མཛོད་དུ་བཅུག་པའི་ཆེད་མཁས་པ་རྣམས་ནི་ཞིང་ཆེན་རིམ་པའི་ལས་གཞི་གལ་ཆེན་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བའི་ལམ་སྲོལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། མཚོ་སྔོན་གྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པ”དང་ཐ་ན་ཕུགས་ཕན་འཕེལ་རྒྱས་དང་འབྲེལ་བའི་འཐབ་ཇུས་གལ་ཆེན་། འཆར་འགོད་གལ་ཆེན། ཐོན་ལས་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ལས་གྲྭ་གལ་ཆེན་དང་ལས་གཞི་གལ་ཆེན་བཅས་ལ་ཇུས་བཟང་འདོན་པ་དང་། མིག་རྒྱང་རང་བཞིན་དང་། ཁྱོན་ཡོངས་རང་བཞིན། འཐབ་ཇུས་རང་བཞིན་ལྡན་པའི་འཕེལ་རྒྱས་ལ་བློ་འདོན་ཐབས་འདོན། ལས་གཞི་གལ་ཆེན་ལག་བསྟར་གྱི་ཆོག་འཐུས་རང་བཞིན་ལ་དབྱེ་ཞིབ་དང་ཞིབ་འཇུག་རིགས་པས་ཁུངས་སྐྱེལ་བ། རྣམ་གྲངས་ཇུས་འགོད་ཀྱི་ནུས་པ་གསོ་སྐྱོང་དང་ཐོན་ལས་འཕེལ་རྒྱས་གལ་ཆེན་སྒྲིག་འཛུགས། ལས་གཞི་ཇུས་འགོད་རིག་གཞུང་སྤེལ་རེས་བྱེད་སྒོ་སྒྲིག་འཛུགས་ལ་སོགས་བྱེད་པའི་འགན་འཁྲི་ཡོད།

ཤེས་གསལ་ལྟར་ན། ཞིང་ཆེན་ཡོངས་ཀྱི་ལས་གཞི་གལ་ཆེན་ཇུས་འགོད་མཁས་མཛོད་དུ་ཐོག་མར་བདམས་པའི་ཆེད་མཁས་པ280ཡོད་ཅིང་། དེ་དག་ནི་ཞིང་ཆེན་རིམ་པའི་ལས་རིགས་ཁག་གི་གཙོ་སྐྱོང་སྡེ་ཚན་དང་ཁོངས་གཏོགས་ཀྱི་ཁེ་ལས་དང་དོན་ལས་སྡེ་ཚན། མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་སློབ་གྲྭ། ཚན་ཞིབ་གླིང་། དངུལ་རྩའི་ལས་ཁུངས་ཁག བཟོ་སྐྲུན་བློ་འདྲི་ལས་ཁུངས་སོགས་ནས་བསྐོངས་པའི་ལས་རིགས་མཐུན་ཚོགས་སྒྲིག་འཛུགས་ཀྱི་འབྲེལ་ཡོད་སྲིད་ཇུས་དང་ལས་གཞི་ཇུས་འགོད་སྒྲིག་ཐུམ། བློ་འདྲི་དང་རིགས་པའི་ཁུངས་སྐྱེལ་ལ་བྱང་ཆ་ཡོད་པའི་ཆེད་མཁས་པ་དང་ཉམས་མྱོང་ཕུན་སུམ་ཚོགས་པའི་འགན་འཁུར་བློ་མཐུན་ཡིན་ལ། གཙོ་བོ་ལས་གཞི་གལ་ཆེན་ཇུས་འགོད་དང་། བློ་འདྲི། དཔྱད་ཞིབ་ལ་སོགས་ཀྱི་གོ་རིམ་ཡོངས་དང་། ལས་རིགས་མང་པོའི་ཁྱབ་ཁོངས་ལ་འབྲེལ། ད་སྔ་མཁས་མཛོད་ཀྱི་སྐོར་ཁག་དང་པོའི་ཆེད་མཁས་རྣམས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི“ལོ་ལྔའི་འཆར་གཞི་བཅུ་བཞི”བའི་ལས་གཞི་གལ་ཆེན་ཞིབ་འཇུག་དང་ཇུས་འདོན་ཇུས་འགོད་ཀྱི་ལས་ལ་ཞུགས་ཡོད་པས། མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་ཤོས་ཀྱི་སྒོ་ནས་གོང་དུ་སྤེལ་བའི་ཆ་ལ་རིག་སྟོབས་ཀྱིས་རམ་འདེགས་བྱས།

ཁོན་ཐར་འཚོས་བསྒྱུར།