ཆིན་ཏའོ་དང་མཚོ་སྔོན་གྱི་ཁེ་ལས་ཀྱིས་མཉམ་ལས་ལས་གཞིའི་གྲོས་ཆིངས38བཞག་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། 2020ལོའི་སྐབས་བཅུ་བདུན་པའི་ཀྲུང་གོའི(ཆིན་ཏའོ)རྒྱལ་སྤྱིའི་བཟའ་བཅའི་དངོས་མང་སྟོན་ཚོགས་ཐོག་མཚོ་སྔོན་ཞིང་ཆེན་གྱི་གྲགས་ཅན་དང་ཕུལ་བྱུང་ཁེ་ལས་ཀྱི་མིང་རྟགས་འགོད་པའི་མཛད་སྒོ་འཚོགས་པ་རེད། བྱེད་སྒོའི་དུས་འགོའི་དྲིལ་སྒྲོག་དང་འགྲེམ་ཚོགས་སྦྲེལ་མཐུད་བྱས་པ་བརྒྱུད། མཚོ་སྔོན་མེན་ཙེ་ཚལ་རྔ་འགག་སྐྱེ་ཁམས་ཆུ་འཕེལ་ཚད་ཡོད་ཀུང་སི་སོགས་མཚོ་སྔོན་གྱི་ཁེ་ལས32ཀྱིས་ཆིན་ཏའོ་ཁའེ་ཧའེ་ཚོང་དོན་ཚད་ཡོད་ཀུང་སི་སོགས་ཆིན་ཏའོ་ཁེ་ལས་31དང་མཉམ་ལས་གྲོས་ཆིངས་བཞག་པ་རེད།

གན་འཇོག་ལས་གཞི་གཙོ་བོ་མཚོ་སྔོན་གྱི་ཁྱད་ལྡན་བཟའ་བཅའ་དང་། བཟོ་རྩལ་ཐོན་རྫས། ནོར་བུ་དང་གཡང་ཊིའི་ཡོ་ཆས་བྲིན་ཚོང་། གློག་རྡུལ་ཚོང་དོན་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད། གན་རྒྱ་བཞག་པའི་གྲུབ་འབྲས་སྔོན་དཔག་གི་ཕན་འབྲས་ཐོན་ཡོད། གན་རྒྱ་བཞག་པའི་ཁེ་ལས་ཀྱིས་གྲོང་ཁྱེར་གཉིས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་རེད། དེང་རབས་ཀྱི་ཞིང་ལས་དང་། སྐྱེ་དངོས་ཚན་རྩལ། ཟས་རིགས་གསར་སྤེལ། ཆུ་འཁྱག་གསོ་སྤེལ་སོགས་ཀྱི་ཐད་མཉམ་ལས་བྱས་ཏེ་བཟང་ཆ་གསབ་རེས་ཡོང་བ་བྱ་དགོས། ཐུན་མོང་ཐོག་ཚོང་ར་གསར་གཏོད་བྱ་དགོས།

ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡི་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། འབྱུང་འགྱུར་སྲིད་གཞུང་གིས་བསྐྲུན་པའི་སྟེགས་བུ་འདི་བརྒྱུད་ནས། སྔར་ལས་མང་ཞིང་ལེགས་པའི་མཚོ་སྔོན་གྱི་འཚེ་མེད་དང་ཁྱད་ལྡན་ཐོན་རྫས་རྒྱལ་ཡོངས་དང་འཛམ་གླིང་གི་ཕྱོགས་སུ་སྤེལ་རྒྱུ་རེད། དུས་མཚུངས་སུ་སྟེགས་བུ་འདིར་བརྟེན་ནས། སྔར་ལས་མང་བའི་ཕྱི་ཕྱོགས་ཀྱི་ཁེ་ལས་པས་མཚོ་སྔོན་ལ་ཤེས་རྟོགས་དང་མཚོ་སྔོན་ལ་རྒྱུས་ལོན་བྱུང་སྟེ། མ་དངུལ་གཏོང་འཇོག་བྱས་ནས་ལས་སྒོ་སྤེལ་པ། ཉིས་ཁེ་ཉིས་ཕན་ཡོང་བ་བཅས་ཀྱི་སྒོ་ནས། མཉམ་དུ་མཚོ་སྔོན་གྱི་ཕྱི་ལོགས་སུ་ཕྱོགས་པའི་དཔལ་འབྱོར་འཕེལ་རྒྱས་ལ་བྱས་རྗེས་འཇོག་ཐུབ་པའི་རེ་བ་འཛིན།

གཡང་སྐྱིད་ཀྱིས་བསྒྱུར།