ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་ནས་དམངས་གཙོ་ཏང་ཤོག་ཁག་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་འཐུས་མིས《ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་བྱས་ནས་ས་གནས་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་བཅོས་སྐྱོང་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་བསམ་འཆར(གྲོས་བསྡུར་མ་ཟིན)》གྱི་བསམ་འཆར་དང་གྲོས་གཞིར་ཉན་པ་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅོན་གྱིས་གཙོ་སྐྱོང་གནང་བ་དང་འབྲེལ་གཏམ་བཤད་ཀྱང་གནང་བ་རེད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཚོགས་འདུར་ཕེབས་ཡོད་པ་རེད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་དྲུང་ཡིག་ཆེན་མོ་ཡུས་ཚུང་ལེ་ཡིས《བསམ་འཆར་(གྲོས་བསྡུར་མ་ཟིན)》ལ་གསལ་བཤད་བྱས།

བཞུགས་མོལ་ཚོགས་འདུའི་ཐོག ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ལིའུ་ཐུང་ཏི་དང་། ཞིང་ཆེན་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པ། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁུང་ཡུང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དམངས་གཙོ་མནའ་མཐུན་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཀྲུའུ་རེན་ཨུ་ཡོན་ཝང་ཡན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཀྲུའུ་རེན་ཨུ་ཡོན་ཏུའུ་ཏེ་ཀྲི་དང་། དམངས་གཙོ་རྒྱལ་འཛུགས་ཚོགས་པ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཀྲུའུ་རེན་ཨུ་ཡོན་ཝང་ཆི། ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་གཞོན་པ། ཞིང་བཟོ་ཏང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཀྲུའུ་རེན་ཨུ་ཡོན་ཀྲང་ཀྲོའུ་ཕིན། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་མི་རིགས་ཆོས་ལུགས་ཞིབ་འཇུག་ཁང་གི་འགོ་པ་ཨོ་ཁྲུང་རུང་སོགས་ཀྱིས་སྔ་རྗེས་སུ་གཏམ་བཤད་པ་རེད། ཚང་མས་ཞིང་ཆེན་ཨུ་ལྷན་གྱིས《བསམ་འཆར》བཏོན་པ་ནི་ཧ་ཅང་དགོས་ངེས་ཡིན་པའི་ངོས་འཛིན་གཅིག་མཐུན་བྱུང་ཡོད། ས་གནས་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་བཅོས་སྐྱོང་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཞིང་ཨུད་ཀྱི་སྤྱིའི་བཀོད་སྒྲིག་ལ་མོས་མཐུན་བྱུང་བ་མ་ཟད། གྲོང་གསེབ་ཀྱི་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཁྱད་ལྡན་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྩྭ་ཐང་སྐྱེ་ཁམས་བཅོས་སྐྱོང་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཁྲོམ་རའི་གཙོ་བོའི་ནུས་པ་སྐྱེད་སྲིང་བྱེད་པ། བྱང་ཚད་མཐོ་བའི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།

ཝང་ཅན་ཅོན་གྱིས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་འཛུགས་སྐྱོང་བྱ་རྒྱུ་ནི་ལོ་རྒྱུས་དང་འགུལ་རྣམ་གྱི་བརྒྱུད་རིམ་ཞིག་ཡིན་པས། ལག་ལེན་ཁྲོད་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏང་དགོས། མུ་མཐུད་དུ་ཤུགས་བཏོན་ནས་ཡུན་རིང་ལ་འབད་པ་བྱེད་པ། ལམ་ལུགས་གསར་གཏོད་དང་བཅོས་སྐྱོང་བྱེད་ནུས་ཆེ་རུ་གཏོང་རྒྱུ་དེ་གཙོ་བོ་འཕེལ་རྒྱས་དང་བཅོས་སྐྱོང་གི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་རེད། མི་ཚང་མར་འགན་འཁྲི་ཡོད་པ་དང་མི་ཚང་མས་རང་འགན་གཙང་སྒྲུབ་བྱེད་པ་མཚོན་ཡོད། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཟམ་མི་ཆད་པར་བསྐང་རྒྱུར་དམིགས་ནས་འཕེལ་རྒྱས་ལ་སྐུལ་འདེད་དང་། ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་ཉེན་ཁ་སྔོན་འགོག་བྱ་རྒྱུར་དམིགས་ནས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏང་དགོས། སེམས་ཤུགས་གཅིག་སྒྲིལ་གྱིས་མཚོ་སྔོན་གྱི་བྱ་བ་བཟང་པོར་བསྒྲུབ་ནས་འཕེལ་རྒྱས་ཐད་ཚང་མར་ཁེ་ཕན་ཐོབ་པ་དང་བཅོས་སྐྱོང་ཐད་ཚང་མས་རོགས་རམ་བྱ་དགོས་ཞེས་ནན་གྱིས་བསྟན།

ཀླུ་མོས་བསྒྱུར།