རྨ་འབྲི་རྫ་གསུམ་འགོ་ཁུངས་དང་མདོ་ལ་རིང་མོའི་སྐྱེ་ཁམས་སྲུང་སྐྱོབ་ཐད་སྒོར་དུང་ཕྱུར9.7བཏང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་བརྩོན་ལེན་འོག ཉེ་ཆར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་མཚོ་སྔོན་ཞིང་ཆེན་གྱི2020ལོའི་གཙང་གསུམ་ཆུ་འགོའི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་དུས་ཐེངས་གཉིས་པའི་ལས་གྲྭ་དང་། མདོ་ལ་རིང་མོའི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭའི་ཐད་ཀྲུང་དབྱང་སྔོན་རྩིས་ནང་གི་མ་འཇོག་སྒོར་དུང་ཕྱུར9.7གཤམ་སྤྲོད་བྱས་པ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། གཙང་གསུམ་ཆུ་འགོའི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་དུས་ཐེངས་གཉིས་པའི་ལས་གྲྭ་དང་། མདོ་ལ་རིང་མོའི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭའི་འཛུགས་སྐྲུན་གྱི་ནང་དོན་གཙོ་བོའི་ནང་བྱེ་ཐང་ཅན་གྱི་ས་ཆ་འགོག་བཅོས་དང་། ས་ནག་གྲམ་ཐང་བཅོས་སྐྱོང་། འདམ་ར་སྲུང་སྐྱོང་། ནགས་ཚལ་དང་རྩྭ་ཐང་གི་གནོད་ཡོད་སྐྱེ་དངོས་འགོག་ཟོན། སྐྱེ་ཁམས་ལྟ་ཞིབ་ཚད་ལེན། གསོ་སྦྱོང་སོགས་ཀྱི་ལས་གཞི་ཚུད་ཡོད་པ་རེད། 2013ལོར་ལས་གྲྭ་ཁག་གཉིས་ལག་བསྟར་བྱེད་འགོ་ཚུགས་པ་ནས་བཟུང་། མ་དངུལ་སྒོར་དུང་ཕྱུར180.1གཅིག་གྱུར་འཆར་འགོད་དོན་འཁྱོལ་བྱས་པས་ལས་གྲྭ་ཁག་གི་འཕེལ་རིམ་བདེ་བླག་བྱུང་ཡོད།

ད་ཆར། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིས་རྒྱལ་ཁབ་ཀྱི་མ་དངུལ་འཇོག་པའི་འཆར་གཞི་དབྱེ་འབྱེད་དང་བརྒྱུད་སྤྲོད་བྱ་རྒྱུ་དམ་འཛིན་བྱེད་བཞིན་ཡོད་པར་མ་ཟད། འབྲེལ་ཡོད་སྡེ་ཚན་ལ་སྐུལ་འདེད་བཏང་ནས་ཐོག་མའི་ཇུས་འགོད(ཡང་ན་ལས་སྒྲུབ་ཇུས་འགོད་)ཀྱི་ཞིབ་མཆན་འགོད་པའི་ལས་ཀ་ནན་ཏན་གྱིས་ལེགས་པར་བསྒྲུབ་ཏུ་བཅུག་ཡོད།

ཕྱིས་སུ། ཞིང་ཆེན་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་འཛུགས་སྐྲུན་སྡེ་ཚན་ཁག་གིས་ཨར་ལས་ཀྱི་དུས་སྐབས་ཡག་ཤོས་དམ་འཛིན་དང་།ལས་གྲྭ་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། གཙང་གསུམ་ཆུ་འགོ་དང་མདོ་ལ་རིང་མོའི་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་ཐད་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་ཡིན་པ་རེད།

ཀླུ་མོས་བསྒྱུར།