མཚོ་སྔོན་གྱིས་འགན་བཅོལ་ནང་ཞུགས་མཁན་ཁེ་ལས་ལ་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་སྒོར་དུང་ཕྱུར26གི་རོགས་རམ་བྱ་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་གྱིས་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་ཉེན་ཁ་དང་དཀའ་ཁག་སེལ་བར་རོགས་རམ་བྱ་ཆེད། ཉེ་ཆར། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིང་དང་། ཞིང་ཆེན་ནོར་སྲིད་ཐིང་། ཞིང་ཆེན་ཁྲལ་དོན་ཅུས་བཅས་ཀྱིས《ཁེ་ལས་ཀྱི་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་ཆག་ཡང་དང་རྩ་ཆག་གཏོང་བའི་དུས་རིམ་ཅན་གྱི་སྲིད་ཇུས་ལག་བསྟར་དུས་ཡུན་ཇེ་རིང་དུ་གཏོང་བ་སོགས་གནད་དོན་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ཏེ། འགན་བཅོལ་ནང་ཞུགས་མཁན་ཁེ་ལས་དང་ཡོང་འབབ་དམའ་བའི་ལས་བཟོ་བའི་སྤྱི་ཚོགས་འགན་བཅོལ་གྱི་རིན་པ་འཇལ་བའི་དུས་ཚོད་གཞུག་ལ་བསྲིང་རྒྱུ་རེད།

སྔོན་དཔག་བྱས་ན་ལོ་ཧྲིལ་པོར་འགན་བཅོལ་ལ་ཞུགས་པའི་ཁེ་ལས་ཀྱི་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་གྱི་ཁུར་པོ་སྒོར་དུང་ཕྱུར26.28ཇེ་ཡང་དུ་གཏང་རྒྱུ་ཡིན་ལ། དེའི་ནང་རྒན་གསོའི་འགན་བཅོལ་གྲོན་དངུལ་སྒོར་དུང་ཕྱུར24དང་། ལས་ཤོར་འགན་བཅོལ་གྲོན་དངུལ་སྒོར་དུང་ཕྱུར1.09། ལས་རྨས་འགན་བཅོལ་གྲོན་དངུལ་སྒོར་དུང་ཕྱུར་1.19བཅས་ཚུད་པ་རེད།

དེ་ཡང་གཅིག་ནས་ཁེ་ལས་འབྲིང་གྲས་དང་། ཆུང་གྲས། ཆེས་ཆུང་གྲས་བཅས་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་རིགས་གསུམ་ལས་ཆ་ཤས་ཀྱི་གྲོན་བསྡུ་དུས་ཡུན་ལོ་འདིའི་ཟླ12བར་ཆག་ཡང་དུ་གཏང་རྒྱུ་དང་། ཁེ་ལས་ཆེ་གྲས་སོགས་འགན་བཅོལ་ནང་ཞུགས་མཁན་སྡེ་ཚན་གཞན་དག་ལས་སྤྱི་ཚོགས་འགན་བཅོལ་གྱི་གྲོན་དངུལ་རིགས་གསུམ་ལས་ཕྱེད་ཀ་བསྡུ་བའི་དུས་ཚོད་ཟླ6པའི་བར་བསྲིང་རྒྱུ། གཉིས་ནས་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ནས་ཐོན་སྐྱེད་དང་གཉེར་སྐྱོང་ལ་དཀའ་ངལ་ཚབས་ཆེན་བྱུང་བའི་ཁེ་ལས་ཀྱིས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་ལ་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་རིགས་གསུམ་གྱི་འཇལ་ཡུན་ཕྱི་འགྱངས་བྱེད་པར་རེ་ཞུ་ཕུལ་ཆོག རེ་ཞུ་ལ(མི་སྒེར་གྱིས་འཇལ་སྤྲོད་བྱས་པའི་ཚད)ཆོག་མཆན་ཐོབ་རྗེས། སྤྱི་ཚོགས་འགན་བཅོལ་གྲོན་དངུལ་གྱི་འཇལ་ཡུན2020ལོའི་ཟླ12པའི་ཟླ་མཇུག་བར་ནར་འགྱངས་བྱ་ཆོག གསུམ་ནས2020ལོར་སྤྱི་ཚོགས་འགན་བཅོལ་གྱི་མི་སྒེར་གྱིས་གྲོན་འཇལ་གཞི་གྲངས་དམའ་ཤོས་དེ་སྔར་བཞིན2019ལོའི་མི་སྒེར་གྱི་གྲོན་དངུལ་འཇལ་བའི་གཞི་གྲངས་དམའ་ཤོས་ལྟར་འཇལ་དུ་འཇུག་རྒྱུ་དང་། མི་སྒེར་གྱིས་གྲོན་དངུལ་འཇལ་བའི་གཞི་གྲངས་མཐོ་ཤོས་དེ2020ལོར་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིང་གིས་ཡོངས་བསྒྲགས་བྱས་པའི་ཚད་གཞི་མཐོ་ཤོས་ལྟར་ལག་བསྟར་བྱ་རྒྱུ། བཞི་ནས་སྡེ་ཚན་གྱི་རྣམ་པའི་ཐོག་ནས་སྤྱི་ཚོགས་འགན་བཅོལ་རིགས་གསུམ་ནང་ཞུགས་པའི་ཁེར་གཉེར་བཟོ་ཚོང་གི་གྲས་སུ་ཞུགས་མཁན་ཁེ་ལས་ལ་ཁེ་ལས་ཀྱི་བྱ་ཐབས་གཞིར་བཟུང་ནས་ཆག་ཡང་དང་རྩ་ཆག་གི་སྲིད་ཇུས་ལོངས་སྤྱོད་བྱེད་དུ་འཇུག་རྒྱུ། ཁེ་ལས་ལས་བཟོ་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་དུ་ཞུགས་ཟིན་པའི་ཁེར་གཉེར་བཟོ་ཚོང་དང་སྟབས་བསྟུན་ལས་ཞུགས་པ་གང་རུང་གིས2020ལོའི་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་དེ་དུས་ལྟར་འཇལ་མི་ཐུབ་ཚེ་རང་མོས་ཀྱིས་ཕྱི་འགྱངས་བྱས་ཆོག་ལ། དེ2021ལོར་རང་བདག་ནས་ཚད་གཞི་ལྟར་གསབ་འཇལ་བྱ་དགོས་པ་བཅས་རེད།

ཁོན་ཐར་འཚོས་བསྒྱུར།