མགོ་ལོག་ས་ཆའི་གཞུང་གཉེར་སྨན་ཁང་གི་རྒྱང་ལམ་སྨན་བཅོས་ཀྱི་ཁེབས་རྒྱ100%ལ་བསླེབས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་མི་དམངས་སྨན་ཁང་གི་རྒྱང་བགྱེད་སྨན་བཅོས་ཁང་དུ་དུས་ཚོད་སྐར་ཆ་རེ་རེ་འཕྲོག་རྩོད་སྒོས་སྨན་བཅོས་བྱེད་བཞིན་ཡོད། རྫོང་མི་དམངས་སྨན་ཁང་དང་ཁ་གཏད་རོགས་སྐྱོར་ལས་ཁུངས་སྟེ་ཏ་ལེན་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པ་གཉིས་ཀྱིས་མཉམ་གཅིག་ཏུ་ནད་པ་ཞིག་ལ་བརྙན་རིས་བརྒྱུད་དེ་རྒྱང་བགྱེད་སྨན་བཅོས་བྱེད་བཞིན་ཡོད། རྫོང་མི་དམངས་སྨན་ཁང་གི་སྨན་བཅོས་མི་སྣས་ནད་པ་འདིའི་ནད་ཐོ་དང་འབྲེལ་ཡོད་རྫས་བཤེར་བརྟག་དཔྱད། CT DRབརྙན་རིས་སོགས་ཡིག་ཆ་མཐའ་དག་དྲ་ལམ་བརྒྱུད་དེ་ཏ་ལེན་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པའི་ཆེད་མཁས་པ་ལ་བརྒྱུད་བསྐུར་བྱས། ཆེད་མཁས་མི་སྣ་དག་གིས་ཞིབ་ཀློག་ནན་མོ་བྱས་པ་བརྒྱུད་དབྱེ་ཞིབ་དང་ཞིབ་འཇུག་དཔྱད་སྡུར་བྱས་ཏེ། ནད་པ་འདིའི་སྙིང་གི་གཡས་ཟུར་ཉམས་པ་ངོས་འཛིན་བྱས། ཆེད་མཁས་མི་སྣས་བརྙན་རིས་བརྒྱུད་དེ་སྨན་བཅོས་ཀྱི་བསམ་འཆར་ཆ་ཚང་བསྐུར་འོངས། སྨན་བཅོས་ཀྱི་དུས་ཚོད་ཧྲིལ་པོར་སྐར་མ30འགོར་ཟིན། རང་ཞིང་གི་གཞུང་བཙུགས་སྨན་ཁང་ལ་ཕྱོགས་བསྡུས་བཅོས་སྒྱུར་ཁྲོད་མགོ་ལོག་ཁུལ་གྱི་གཞུང་བཙུགས་སྨན་ཁང་གིས་རྒྱང་བགྱེད་སྨན་བཅོས་ཀྱི་ཁྱབ་ཚད་དེ100%ལ་སླེབས་ཡོད། “སྨན་བཅོས་དང་འགོག་སྲུང་། བདེ་ཐང་། བདག་སྲུང་། ཁམས་གསོ”བཅས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ཁུལ་དང་རྫོང་། ཡུལ་ཚོ་དང་སྡེ་བ་རིམ་པའི་སྨན་བཅོས་འཕྲོད་བསྟེན་བདེ་འཇགས་ཞབས་ཞུའི་མ་ལག་ཐོག་མར་གྲུབ་ཡོད།

མགོ་ལོག་ཁུལ་གྱིས་གཞུང་བཙུགས་སྨན་ཁང་གི་སྤྱི་ཕན་རང་བཞིན་དམ་པོར་བཟུང་སྟེ། ཁྱོན་ཡོངས་ནས་ཕུལ་བྱུང་ཕན་འབྲས་ཅན་གྱི་ཁུལ་རིམ་པའི་སྨན་བཅོས་སྡེ་ཚོགས་དང་རྫོང་ཁོངས་ཀྱི་དམ་ཟབ་རང་བཞིན་གྱི་སྨན་བཅོས་ངོ་བོ་གསར་སྐྲུན་བྱས་ཡོད། ས་བབ་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་སྔོན་འགྲོའི་འོག་སྨན་བཅོས་སྡེ་ཚོགས2དང་རྫོང་རིམ་པའི་དམ་ཟབ་རང་བཞིན་གྱི་སྨན་བཅོས་ངོ་བོ5རྩ་འཛུགས་བྱས་ནས། ཁུལ་མི་དམངས་སྨན་ཁང་དེ་སྤྱི་ཁྱབ་ཁང་དུ་བྱས་ཤིང་། ཁུལ་བུད་མེད་བྱིས་པའི་བདེ་སྲུང་གླིང་དང་རྨ་ཆེན་རྫོང་སྨན་ཁང་། འཕྲོད་བསྟེན་གླིང8དང་སྡེ་བའི་འཕྲོད་བསྟེན་ཁང35བཅས་ལ་མཉམ་འབྲེལ་བྱས་ཏེ། ཁུལ་རིམ་པའི་སྨན་བཅོས་བདེ་ཐང་ཞབས་ཞུའི་སྡེ་ཚོགས་རྩ་འཛུགས་བྱས། ཁུལ་བོད་སྨན་ཁང་སྤྱི་ཁྱབ་ཁང་བྱས་ཏེ་དགའ་བདེ་དང་དར་ལག པད་མ། གཅིག་སྒྲིལ་རྫོང་བོད་སྨན་ཁང་དང་། དེ་མིན་ཁུལ་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང45ལ་མཉམ་འབྲེལ་སྒོས་ཁུལ་བོད་སྨན་སྨན་བཅོས་སྡེ་ཚོགས་རྩ་འཛུགས་སྒོས་བོད་ལུགས་གསོ་རིག་སྨན་བཅོས་ལས་དོན་ལ་མཛུབ་སྟོན་བྱས། རྫོང་མི་དམངས་སྨན་ཁང་སྤྱི་ཁྱབ་སྨན་ཁང་བྱས་ཏེ་རྫོང་ཁོངས་ཀྱི་རིམས་ནད་འགོག་སྲུང་ལྟེ་གནས་དང་བུད་མེད་ཀྱི་འཆར་ལྡན་བུ་སྐྱེ་ལྟེ་གནས། ཡུལ་ཚོ་དང་གྲོང་རྡལ་སོ་སོའི་འཕྲོད་བསྟེན་གླིང་དང་སྡེ་བའི་འཕྲོད་བསྟེན་ཁང་བཅས་ཀྱིས་རྫོང་ཁོངས་ཀྱི་སྨན་བཅོས་ངོ་བོའི་རང་བཞིན་ལ་དམ་འབྲེལ་རྩ་འཛུགས་སྒོས། “སྨན་བཅོས་དང་འགོག་སྲུང་། བདེ་ཐང་། བདག་སྲུང་། ཁམས་གསོ་བཅས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་རྫོང་དང་ཡུལ་ཚོ། སྡེ་བ་རིམ་པའི་སྨན་བཅོས་འཕྲོད་བསྟེན་བདེ་ཐང་ཞབས་ཞུའི་མ་ལག་ཐོག་མར་ཡོངས་འགྲུབ་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།