རྨ་སྟོད་ཀྱི་འབྲོག་དམངས4473ལ་སྡོད་ཁང་ཡོད་པར་གྱུར།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གསར་འགོད་པས་རྨ་སྟོད་རྫོང་དབུལ་སྐྱོར་གསར་སྤེལ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གིས“སྲིད་གཞུང་གི་སྣེ་ཁྲིད་དང་སྲིད་ཇུས་ཀྱི་རོགས་སྐྱོར། མང་ཚོགས་ཀྱི་འདོད་འདུན། གཅིག་བསྡུས་ཀྱི་གནས་སྤོར”བཅས་ཀྱི་རྣམ་གཞག་གསར་པ་ལ་བརྟེན་ནས། ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་བསྡུས་ཐོག་འདོན་སྤེལ་གང་ལེགས་བྱས་ཏེ་ཡུལ་གཞན་གནས་སྤོར་དབུལ་སྐྱོར་བྱེད་སྒོ་སྤེལ། རྫོང་མཁར་དང་མཛོ་རྒན་རྭ་བར་གྲོང་རྡལ་གྱིས་གཅིག་བསྡུས་ཀྱི་བཀོད་སྒྲིག་གནས་ཡུལ་གཉིས་གཏན་ཁེལ་བྱས་ཤིང་། དེ་ནི་སྲིད་འཛིན་སྡེ་བ30ཡི་དུད་ཁྱིམ1541ལ་ཁྱབ་ཡོད། ད་ལྟའི་བར་འབྲོག་པ་མང་ཚོགས4473ལྷག་སྡོད་ཁང་ཡོད་པར་གྱུར།

རྨ་སྟོད་རྫོང་གིས་འོས་འཚམ་གྱི་བདག་དོམ་ཞབས་ཞུའི་སྒྲིག་འཛུགས་འཐུས་ཚང་དུ་བཏང་སྟེ། 《ཡུལ་གཞན་གནས་སྤོར་ས་ཁུལ་གྱི་གནས་སྐབས་བདག་དོམ་ཨུ་ཡོན་ལྷན་ཚོགས་ཀྱི་དོན་དངོས་ལག་བསྟར་ཇུས་གཞི》ཞེས་པ་གཏན་འབེབས་བྱས་ཤིང་། ཡུལ་ཚོ་དང་གྲོང་རྡལ་གྱི་འབྲེལ་ཡོད་སྡེ་ཁག་གིས་མི་སྣ་འདེམས་བསྐོ་བྱས་ཏེ་གནས་སྐབས་བདག་དོམ་ཨུ་ཡོན་ལྷན་ཚོགས་བཙུགས་ནས། བྱེ་བྲག་གི་འགན་འཁྲིའི་བཀོད་སྒྲིག་གནས་ཡུལ་དུ་གཞི་རིམ་ཏང་རྩ་འཛུགས་དང་ཕྱོགས་བསྡུས་བཅོས་སྐྱོང་བརྟན་འཇགས། སྲིད་ཇུས་དྲིལ་སྒྲོག དགོངས་དོན་ཤེས་ཡོན་འཛུགས་སྐྲུན། ཁོར་ཡུག་དག་ཐེར་སོགས་ཉིན་རྒྱུན་བྱ་བར་བདག་དོམ་བྱས་ཏེ། འབྲེལ་ཡོད་ལས་ཁུངས་སོ་སོར་རམ་འདེགས་སྒོས་འབྲོག་པ་མང་ཚོགས་ལ་ཡུལ་གཞན་གནས་སྤོར་གྱི་མང་ཚོགས་ཀྱི་དམངས་ཕན་སྲིད་ཇུས་ལག་བསྟར་དངོས་འབེབས་དང་ལས་ཞུགས། སློབ་ཞུགས། སྨན་པར་སྟོན་པ། སྤྱི་ཚོགས་འགན་སྲུང་། བཅའ་ཁྲིམས་བློ་འདྲི་སོགས་ཀྱི་རིམ་པ་སོ་སོའི་གྲོས་མཐུན་སྙོམས་སྒྲིག་བྱ་བའི་ཞབས་ཞུ་ལེགས་པོར་སྒྲུབ་ནས། “གནས་སྤོར་ཐུབ་པ་དང་གནས་སྡོད་གཏན་འཇགས”ཡིན་པ་མངོན་འགྱུར་དང་འགན་སྲུང་བྱས་ཡོད།

དེ་དང་ཆབས་ཅིག ཡུལ་གཞན་གནས་སྤོར་བཀོད་སྒྲིག་གནས་ཡུལ་འབྲོག་དམངས་ཀྱི་འཚོ་བའི་རྒྱུ་སྤུས་མཐོར་འདེགས་སུ་བཏང་པ་དང་གཞུང་ལམ་བསྐྲུན་པ་དང་ཁྲོན་པ་འཛུགས་སྐྲུན། སྤྱི་པའི་སྤྱོད་ཁང་། ཁོར་ཡུག་དག་ཐེར། ཐང་ཆེན། གློག་ཤུགས་མཁོ་འདོན། སྡེ་ཁུལ་ཞབས་ཞུའི་ལྟེ་གནས་སོགས་ཀྱི་བཟོ་སྐྲུན་འཐུས་ཚང་དངོས་སུ་བསྐྲུན་ནས་འབྲོག་པ་མང་ཚོགས་ཀྱི་འགྲོ་སྐྱོད་ལ་དཀའ་ཁག་ཆེ་བ་དང་བཏུང་ཆུར་དཀའ་ཁག་ཆེ་བ། སྡོད་ཁང་ལ་དཀའ་ཁག་ཆེ་བ་སོགས་ཀྱི་གནད་དོན་དེ་ཐག་གཅོད་ལེགས་པོ་བྱས་ཡོད། ད་ལྟའི་བར། རྫོང་ཡོངས་ཀྱི་བཀོད་སྒྲིག་གནས་ཡུལ་དག་ལ་མ་དངུལ་སྒོར་ཁྲི235བཏང་བ་དང་གད་སྙིགས་སྒམ་ཆུང150བཀོད་སྒྲིག གད་སྙིགས་གཙང་སེལ་འདྲུད་སྐྱེལ་རླངས་འཁོར4 སྤྱི་པའི་འཕྲོད་བསྟེན་སྤྱོད་ཁང1036བཅས་འཛུགས་སྐྲུན་བྱས་ཡོད། ལམ་སྒྲོན་ཆ་ཚང1177དང་ཁྲོན་པ102འཛུགས་སྐྲུན་བཅས་ཀྱིས་སྤྱི་གཞུང་ཞབས་ཞུའི་སྒྲིག་ཆས་ཆ་ཚང་གི་རྨང་གཞི་འཐུས་ཚང་ཅན་ཏུ་བཏང་ཡོད།

རྨ་སྟོད་རྫོང་གིས་གནས་སྤོར་མང་ཚོགས་ཀྱི་གནས་ཚུལ་ཤེས་རྟོག་དབང་ཆ་དང་བདམ་གསེས་དབང་ཆ། ལྟ་སྐུལ་དབང་ཆ་བཅས་ལ་བརྩི་འཇོག་འཐུས་ཚང་བྱས་ཏེ། ཡུལ་གཞན་གནས་སྤོར་གྱི་འབྲོག་པ་མང་ཚོགས་ལ་ཚོགས་འདུ་ཆེན་པོ་བསྡུས་པ་དང་རིགས་བཀར་ཇུས་གཞི་གཏན་ཁེལ་སྒོས་དཔྱད་གླེང་བྱས། རྨང་གཞིའི་སྒྲིག་ཆས་དང་སྤྱི་ཚོགས་ཀྱི་སྤྱི་གཞུང་སྒྲིག་ཆས་འཛུགས་སྐྲུན་གྱི་བརྒྱུད་རིམ་ཁྲོད། ལས་གཞི་ལག་བསྟར་བྱེད་ཡུལ་ས་གནས་ཀྱི་མང་ཚོགས་རྩ་འཛུགས་སྒོས་ལས་གཞི་འཛུགས་སྐྲུན་ཁྲོད་ཟབ་ཞུགས་བྱེད་དུ་བཅུག་སྟེ། སྔར་ལས་ལྷག་པའི་སྒོ་ནས་ལས་གཞི་ལག་བསྟར་གྱི་ཕྱི་གསལ་ནང་གསལ་གྱི་ཚད་གཞི་སྔར་ལས་མཐོར་འདེགས་སུ་བཏང་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།