མིག་ནད་ཅན17ལ་རིན་མེད་སྒོས་སྨན་བཅོས་བྱས་པ།

ཟླ7པའི་ཚེས24ཉིན། རྒྱལ་ཡོངས་ཀྱི་མིག་ལ་རྨས་སྐྱོན་ཕོག་པའི་ཚོ་ཆུང་གི་ཙུའུ་ཀྲང་། ཐེན་ཅིན་གསོ་རིག་སློབ་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། སློབ་གཙོ། ཐེན་ཅིན་གསོ་རིག་སློབ་ཆེན་སྤྱི་ཁྱབ་སློབ་གླིང་མིག་ནད་ཚན་ཁག་གི་ཆེད་ལས་སྣེ་ཁྲིད་པ་ཡན་ཧྭ་དང་བཅས་པས་ཟི་ལིང་གྲོང་ཁྱེར་སྨན་བཅོས་ཚོགས་པ་དང་པོའི་ཡན་ལག་ཁང་དང་པོར་བསྐྱོད་པ་རེད། ནུབ་རྒྱུད་ས་ཁུལ་གྱི་དབུལ་ཐར་འགག་སྒྲོལ་དམག་འཐབ་ཀྱི“སྐྱ་འགྲིབ་བཤའ་བཅོས་བསྐྱར་ལོའི”བྱེད་སྒོ་སྤེལ་ནས། མིག་ནད་ཕོག་མཁན17ལ་རིན་མེད་ནད་བརྟག་སྨན་བཅོས་དང་སྐྱ་འགྲིབ་གཤགས་བཅོས་ཀྱི་སྨན་བཅོས་རོགས་སྐྱོབ་བྱ་བ་སྤེལ་བ་རེད།

ཚེས24ཉིན་གྱི་ཕྱི་དྲོར། དགེ་རྒན་ཆེན་མོ་ཡན་ཧྭ་དང་བཅས་པ་ཟི་ལིང་དུ་འབྱོར། གནམ་གྲུ་ནས་བབས་མ་ཐག་སྒྲིག་ཆས་དང་ཤེལ་གཟུགས་ཀྱི་རྒྱུ་ཆ་ཁྱེར་ནས་ཟི་ལིང་གྲོང་ཁྱེར་སྨན་བཅོས་ཚོགས་པ་དང་པོའི་ཡན་ལག་ཁང་དང་པོར་བསྐྱོད། ཆེད་མཁས་པ་ཚོས་ངལ་གསོ་ཡང་མ་བྱས་པར་འཕྲལ་མར་ཚོགས་ཆུང་ཁག་བགོས་ནས་གཤགས་བཅོས་ཁང་དུ་བསྐྱོད་དེ་འབྲེལ་ཡོད་ནད་བརྟག་སྨན་བཅོས་བྱེད་འགོ་ཚུགས།

དགེ་རྒན་ཆེན་མོ་ཡན་ཧྭ་ཡིས་སེར་ཁྲ་གས་ཁུང་ནད་པར“ཤེལ་གཟུགས་གཅོད་འབྱིན་གཤགས་བཅོས”+“མིག་གི་ཁ་སྐོང་ལག་རྩལ”+“སེར་ཁྲ་གས་སྐྱི་གཅོད་འབྱིན་གཤགས་ཐབས”བཟོས་པ་རེད། ཆེད་མཁས་པ་ཚོས་ཆུ་ཚོད4ལྷག་ཙམ་ལ་གཤགས་བཅོས་བྱས་པ་རེད། གཤགས་བཅོས་བྱས་རྗེས། ནད་པའི་གནས་ཚུལ་འདྲི་བ་དང་། ནད་པའི་རྒྱུན་གཏན་གྱི་འཚོ་བའི་གོམས་གཤིས་དང་། དེ་བཞིན་སྨན་སྤྱོད་ཕྱོགས་ལ་མཛུབ་ཁྲིད་ཞིབ་ཚགས་བྱས་པ་མ་ཟད། ནད་པར་སྨན་བཅོས་ཀྱི་སེམས་ཁམས་བཟང་པོ་འཛུགས་དགོས་པའི་ལྕག་སྐུལ་ཡང་བྱས་པ་རེད།

ཟི་ལིང་གྲོང་ཁྱེར་སྨན་བཅོས་ཚོགས་པ་དང་པོའི་སྤྱི་ཁྱབ་སྨན་ཁང་གི་མིག་ནད་ཚན་ཁག་གི་ཀྲུའུ་རེན་གཞོན་པ་ཝང་ཡོན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ད་ཐེངས་སྐྱོབ་བཅོས་དང་ལེན་བྱས་པའི་ནད་པ17ནི་ཚོགས་པའི་ཡན་ལག་ཁང་དང་པོས་མིག་ནད་བརྟག་དཔྱད་བྱེད་རིང་ཤེས་པ་རེད། ནད་པ་འདི་དག་གི་ཁྲོད་དུ་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ཁག་ཆེ་བས་དུས་ལྟར་དུ་སྨན་བཅོས་མ་བྱས་པས་ནད་བབ་འགོར་འགྱངས་བྱས་པ་རེད་ཟེར།

དགེ་རྒན་ཆེན་མོ་ཡན་ཧྭ་ལ་རང་རྒྱལ་གྱི་མིག་ནད་ཚན་ཁག་གི་ཁྱབ་ཁོངས་སུ་རིག་གཞུང་གི་གོ་གནས་གལ་ཆེན་ཡོད་པ་མ་ཟད། ཡུན་རིང་དུ་ནུབ་རྒྱུད་ཀྱི་ལོང་འགོག་ལས་ཀར་རོགས་སྐྱོར་བྱེད་པར་གྲུབ་འབྲས་གཟེངས་སུ་ཐོན་པ་བླངས་ཡོད། ཐེངས་འདིའི་བྱེད་སྒོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་དང་དབུལ་ཐར་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གི“འོད་ལྡན་དབུལ་སྐྱོར་ལས་གྲྭའི”བླང་བྱ་དང་ལེན་ཧུར་ཐག་ཞུས་པ་ཞིག་རེད། ད་ཐེངས་ནི་དགེ་རྒན་ཆེན་མོ་ཡན་ཧྭ་མཚོ་སྔོན་དུ་ཡོང་ནས་བྱ་བ་སྤེལ་བའི་ལོ་གསུམ་པ་ཡིན་ལ། སྔར་ལས་མང་བའི་ནད་པ་དབུལ་པོས་ཁོང་གི་རོགས་རམ་འོག་སླར་ཡང་འོད་སྣང་མཐོང་བ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།