ཧུའུ་ཁྲུན་ཧྭ་ཡིས་འབྲུ་རིགས་བདེ་འཇགས་སྲུང་བའི་ཧྲིན་ཀྲང་གི་འགན་འཁྲི་ལམ་ལུགས་ལག་བསྟར་ཏན་ཏིག་བྱ་དགོས་ཞེས་ནན་གྱིས་བསྟན།

ཟླ7ཚེས27ཉིན། ཤིན་ཧྭ་གསར་འགྱུར་ཁང་གིས་པེ་ཅིང་ནས་སྤེལ་བའི་འཕྲིན། རྒྱལ་ཡོངས་འབྲུ་རིགས་བདེ་འཇགས་སྲུང་བའི་ཧྲིན་ཀྲང་གི་འགན་འཁྲི་ལམ་ལུགས་དཔྱད་ཞིབ་ལས་དོན་སྐུལ་སློང་དང་བཀོད་སྒྲིག་བརྙན་འཕྲིན་གྲོས་ཚོགས་པེ་ཅིང་ནས་བསྡུས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཇུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་གྲོས་ཚོགས་སུ་ཞུགས་ནས་གཏམ་བཤད། མོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དགོས་ན་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལྟར་དཔྱད་ཞིབ་ལས་ཀ་སྒྲིག་འཛུགས་ཐོག་ནན་ཏན་གྱིས་བསྒྲུབ་དགོས་པ་དང་། འབྲུ་རིགས་བདེ་འཇགས་ཀྱི་ཧྲིན་ཀྲང་གི་འགན་འཁྲི་ལམ་ལུགས་དོན་འཁྱོལ་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་གོད་ཆག་མི་འབྱུང་བར་འགན་ལེན་བྱ་དགོས་ཞེས་བསྟན།

ཧུའུ་ཁྲུན་ཧྭ་ཡིས་བསྟན་དོན། འབྲུ་རིགས་བདེ་འཇགས་ཧྲིན་ཀྲང་འགན་འཁྲི་ལམ་ལུགས་ནི་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་ལ་ཆེད་དུ་བཏོན་པའི་ལམ་ལུགས་གལ་ཆེན་ཞིག་ཡིན། རིམ་ཁག་མི་དམངས་སྲིད་གཞུང་གིས་ས་གནས་རང་གི་འབྲུ་རིགས་བདེ་འཇགས་འགན་སྲུང་བྱེད་མཁན་གྱི་འགན་འཁྲི་ཁུར་དུ་བླངས་ཏེ་ཕྱོགས་ཡོངས་ནས་དོན་ཐོག་ཏུ་འཁྱོལ་བར་དམ་འཛིན་ནན་འཛིན་བྱ་དགོས། ཐོན་ཁུལ་གཙོ་བོ་དང་ཡང་ན་ཐོན་འཚོང་དོ་མཉམ་ཁུལ། འཚོང་ཁུལ་གཙོ་བོ་བཅས་གང་ཡང་རུང་བ་ནས་འབྲུ་རིགས་སོན་འདེབས་ཀྱི་རྒྱ་ཁྱོན་དང་ཐོན་འབོར་ཇེ་མང་ལས་ཇེ་ཉུང་དུ་འགྲོ་མི་རུང་བར་འགན་ལེན་བྱས་ཏེ་འབྲུ་རིགས་ཐོན་སྐྱེད་ལ་ཤུགས་བསྣན་དགོས། རྨོ་ཞིང་སྲུང་སྐྱོང་དང་སྤྱོད་སྒོ་དོ་དམ་ལ་ཕྱོགས་ཐམས་ཅད་ནས་ཤུགས་བརྒྱབ་ཏེ“རྨོ་ཞིང་གི་ངོ་བོ་གཞན་སྒྱུར”དང་རྨོ་ཞིང་ཡོད་ཀྱང“འབྲུ་རིགས་མི་འདེབས་པའི”ཟང་ཟིང་སྣང་ཚུལ་སྤྱི་དང་། ནང་སྒོས་སུ“བཟའ་འབྲུ་མི་འདེབས་པའི”སྣང་ཚུལ་དག་གཏན་འགོག་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི“ལྕགས་ཀྱི་ཕོར་བ”མཐའ་གཅིག་ཏུ་བསྲུང་དགོས། འབྲུ་རིགས་ཀྱི་གསོག་ཉར་དང་འཁོར་རྒྱུག་བྱ་བ་ཏན་ཏིག་བསྒྲུབ་པ་དང་། འབྲུ་རིགས་བསྡུ་ཉོ་དམ་འཛིན་ཡག་པོ། ས་གནས་ཀྱི་གསོག་ཉར་ལག་བསྟར་ནན་མོ་བཅས་བྱས་ཏེ་འབྲུ་རིགས་ཀྱི་འཕྲལ་བསྟུན་མཁོ་འདོན་ནུས་པ་ཇེ་དྲག་ཏུ་གཏང་དགོས། འབྲུ་རིགས་བདེ་འཇགས་ཐད་ཀྱི་རྒྱབ་སྐྱོར་དང་འགན་སྲུང་ལ་ཤུགས་བསྣན་དང་། འབྲུ་རིགས་ཐོན་སྐྱེད་ཐད་ཀྱི་རྒྱབ་སྐྱོར་ལ་ནུས་ཤུགས་ཡོད་རྒུ་བཏོན་ནས་འབྲུ་རིགས་ཀྱི་ཐོན་ལས་འབྲེལ་བ་ཡོངས་གང་མགྱོགས་ཅི་མགྱོགས་ཀྱིས་དེང་རབས་ཅན་དུ་བསྒྱུར་ནས་འབྲུ་རིགས་བདེ་འཇགས་སྲུང་བའི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏང་དགོས་ཞེས་བསྟན།

ཧུའུ་ཁྲུན་ཧྭ་ཡིས་བསྟན་དོན། འབྲུ་རིགས་བདེ་འཇགས་སྲུང་བའི་ཧྲིན་ཀྲང་གི་འགན་འཁྲི་ལམ་ལུགས་ཕྱོགས་ཐམས་ཅད་ནས་དོན་འཁྱོལ་དགོས་ན་ངེས་པར་དུ་དཔྱད་ཞིབ་ཀྱི་འཁྲིད་སྟོན་ནུས་པ་འདོན་དགོས། གཟབ་ནན་དང་བཙན་ཐབས་ཀྱི་སྒོ་ནས་དཔྱད་ཞིབ་བྱས་ཏེ་དཔྱད་ཞིབ་ཁྲོད་དུ་རྙེད་པའི་གནད་དོན་དག་ཐེར་ལེགས་པོ་དང་། ཞིབ་བཤེར་གྱི་གྲུབ་འབྲས་བེད་སྤྱོད་ལེགས་པོ་བྱས་ནས་འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲི་དང་བྱེད་ཐབས། ལས་དོན་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱ་དགོས་ཞེས་ནན་བཤད་གནང་།

ཁོན་ཐར་འཚོས་བསྒྱུར།