སློབ་ཆེན་སློབ་མ་ཞིག་མཚོ་སྔོན་དུ་ཡུལ་སྐོར་ལ་ཕྱིན་རྗེས་འབྲེལ་བ་ཆད།



ཟླ7པའི་ཚེས25ཉིན། མཚོ་སྔོན་དུ་ཡུལ་སྐོར་ལ་ཡོང་བའི་སི་ཁྲོན་གྱི་བུད་མེད་སློབ་ཆེན་སློབ་མ(黄雨蒙)ཧོང་ཡུས་མེང(ནན་ཅིང་དུ་སློབ་སྦྱོང་བྱེད་ཀྱི་ཡོད་ཅིང་མིང་གཞན་ལ་ཧོང་མུའུ་ཆི་ཟེར།)ཁྱིམ་མི་དང་འབྲེལ་བ་ཆད་ནས་ཉིན18ཕྱིན་ཡོད། ཟླ7པའི་ཚེས24ཉིན། བྲེལ་བ་ཆེན་པོ་ལངས་བཞིན་པའི་ཁྱིམ་མི་རྣམས་ཁག་གཉིས་སུ་བགོས་ནས་ཁོང་མོའི་སློབ་གྲྭ་དང་མཚོ་སྔོན་གོར་མོ་གཉིས་སུ་ཁོང་མོ་འཚོལ་བར་བསྐྱོད་ཡོད་པ་དང་། དུས་མཚུངས་སུ་དྲ་བ་བརྒྱུད་མི་འཚོལ་བརྡ་ཡིག་སྤེལ་ཡོད་ལ། ཕྱོགས་མང་པོ་ནས་འབད་པ་བྱས་ཏེ་བཙལ་མོད། ད་དུང་རྙེད་མེད། ཧོང་ཡུས་མེང་ཡང་སྙིང་གང་དུ་ཕྱིན་པ་ཡིན་ནམ། དྲི་བ་འདི་ཉིན་ཤས་བསྟུད་མར་ཁྱིམ་མིའི་སེམས་ཀྱི་ན་ཟུག་ཏུ་གྱུར་ཡོད།


ཧོང་ཡུས་མེང་ཅིའི་ཕྱིར་འབྲེལ་བ་ཆད་པ་དང་། ཇི་ལྟར་འབྲེལ་བ་ཆད་པ། ས་ཆ་གང་དུ་འབྲེལ་བ་ཆད་པ་ཡིན་ནམ་ཞེ་ན། ཁྱིམ་མིས་མཁོ་འདོན་བྱས་པའི་ཆ་འཕྲིན་ལྟར་ན། ཟླ7པའི་ཚེས5ཉིན། ཧོང་ཡུས་མེང་མེ་འཁོར་ལ་བསྡད་དེ་ནན་ཅིང་ནས་མཚོ་སྔོན་གོར་མོར་འབྱོར་བ་དང་། ཚེས7ཉིན་གྱི་སྔ་དྲོར་ཁོང་མོ་དང་གྲོགས་པོ་ཞིག་གིས་སྤྱི་འབྲེལ་དྲ་བའི་ཐོག་རང་ཉིད་ཀྱིས་གྲོགས་པོ་དང་ཁྱིམ་མིར་སྤྲོད་རྒྱུའི་ལེགས་སྐྱེས་ཡག་པོ་མང་པོ་ཉོས་ཡོད་པའི་སྐོར་བཤད་ཡོད།


ཁྱིམ་མིས་ངོ་སྤྲོད་བྱས་པ་ལྟར་ན། ཉིན་དེར་ཧོང་ཡུས་མེང་གིས་གོར་མོ་གྲོང་ཁྱེར་དུ་གླ་གཏོང་རླངས་འཁོར་ཞིག་གླས་ནས་མོ་རང་གཅིག་པུར་ཁུ་ཁུ་ཤིས་རིར་བསྐྱོད་ཅིང་ཕྱིར་ལོག་མེད་པ་རེད། གླ་གཏོང་རླངས་འཁོར་གྱི་ཁ་ལོ་བས་བརྗོད་པ་ལྟར་ན། ཧོང་ཡུས་མེང་གིས་ཁོང་ལ་རླངས་འཁོར་གྱི་གླ་རིན་བཅག་མྱོང་བ་དང་། རང་ཉིད་ཀྱིས་གུར་ཁྱེར་ཡོད་པ་དང་ཁུ་ཁུ་ཤིས་རིར་ཞག་སྡོད་བྱེད་དགོས་པའི་སྐོར་བཤད་ཡོད། ཟླ7ཚེས8ཉིན། ཧོང་ཡུས་མེང་ཡུལ་ཤུལ་ཁུལ་ཆུ་དམར་ལེབ་རྫོང་ཁོངས་སུ་ཐོན་ཡོད་ཅིང་། དུས་ཚོད་དེའི་རིང(ཚེས7ནས་ཚེས13ཉིན་བར)ད་དུང་བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་སུ་སླེབས་མྱོང་ཡོད།

ཟླ7པའི་ཚེས13ཉིན། ཧོང་ཡུས་མེང་གི་ཐོབ་ཐང་ལག་ཁྱེར་གྱི་ཆ་འཕྲིན་དེ་མཚོ་བོད་ལམ་རྒྱུད་ཀྱི་ལྷོ་མདོ(G109ལམ་ཐིག་གི་གོར་མོ་ནས་བོད་ལྗོངས་ཕྱོགས་ཀྱི་གྲོན་བསྡུའི་ས་ཚིགས)རུ་མངོན་པ་དང་། ཉིན་དེ་ནས་བཟུང་། ཧོང་ཡུས་མེང་གི་ཆ་འཕྲིན་གང་ཡང་མཐོང་རྒྱུ་མེད་པར་གྱུར་ཡོད། ཧོང་ཡུས་མེང་གི་གྲོགས་པོ་ཞིག་གིས་གསར་འགོད་པར་བཤད་པ་ལྟར་ན། ཁོང་མོ་མཚོ་སྔོན་དུ་ཡུལ་སྐོར་དུ་བསྐྱོད་པའི་རྒྱུ་མཚན་ནི་ཕལ་ཆེར་སློབ་གྲྭ་ནས་མཐར་ཕྱིན་པའི་དོན་དང་འབྲེལ་བ་ཡོད་པ་སྟེ། མ་གཞི་ད་ལོར་མཐར་ཕྱིན་རྒྱུ་ཡིན་མོད། འོན་ཀྱང་རྒྱུ་རྐྱེན་མང་པོ་ཞིག་གི་དབང་གིས་མཐར་ཕྱིན་དཔྱད་རྩོམ་ཡང་འགྲུབ་མེད་པ་དང་། སློབ་མཐར་ཕྱིན་པའི་དུས་ཚོད་ཕྱི་སྣུར་བྱས་པས་སེམས་ཁམས་མ་སྐྱིད་པས་སེམས་གཡེང་ཆེད་ཕྱི་རོལ་དུ་ཕྱིན་པ་ཡིན་འདུག དེ་ལྟར་ཡིན་མོད། ཧོང་ཡུས་མེང་དང་འབྲེལ་བ་མ་ཆད་གོང་གྲོགས་པོ་དང་ཁ་བརྡ་བྱེད་དུས་སེམས་ཁམས་རྒྱུན་ལྡན་ཡིན་པ་དང་། ཁོང་མོས་རང་ཉིད་གོར་མོའི་མཐའ་འཁོར་གྱི་མཛེས་ལྗོངས་ཁུལ་དུ་ཕྱིན་པ་དང་། ཁྱིམ་མི་ཚོར་ལེགས་སྐྱེས་མང་པོ་ཉོས་ཡོད་པའི་སྐོར་བཤད་ཡོད། ཁོང་མོས་གཞན་གྱི་མདུན་ནས་སྣང་སྤུ་ཙམ་མེད་པའི་རྣམ་པ་མངོན་མོད། འོན་ཀྱང་དོན་དངོས་སུ་སློབ་སྦྱོང་གི་དབང་གིས་གནོན་ཤུགས་ཧ་ཅང་ཆེ་བ་རེད།


ཧོང་ཡུས་མེང་གི་གྲོགས་པོས་བཤད་པ་ལྟར་ན། ཁོང་མོས་སྒོར་མོ་མང་པོ་བཟུང་མེད་པ་རེད། གཞན་ཡང་ཧོང་ཡུས་མེང་གིས་ཁོང་མོ་བོད་ཁུལ་དུ་སློབ་སྐྱོར་བྱེད་པར་འགྲོ་དགོས་ཞེས་བཤད་མྱོང་ཡོད་མོད། འོན་ཀྱང་འབྲེལ་ཡོད་གཏན་འབེབས་ལྟར་ན། ས་ཆ་གང་དུ་སློབ་སྐྱོར་བྱེད་པར་ཕྱིན་ཡང་འགྲོ་ལུགས་ངེས་ཅན་བརྒྱུད་དགོས་ལ། ཁོང་མོས་དེ་དག་གྲ་སྒྲིག་ཅི་ཡང་བྱས་མེད་པ་རེད། ཧོང་ཡུས་མེང་གི་ཁྱིམ་མི་ནན་ཅིང་དུ་གྱོད་དོན་སྙན་སེང་ཞུ་བར་བསྐྱོད་མོད། ཡིན་ནའང་ཁོང་མོ་ནི་འབྲེལ་བ་ཆད་པའི་རིགས་སུ་གཏོགས་པ་ལས་ཉེས་དོན་གྱོད་གཞི་མིན་པས་གྱོད་ཁོངས་སུ་འཇུག་ཐུབ་མེད།


ཁྱིམ་མིས་བཤད་པ་ལྟར་ན། མཚོ་སྔོན་དུ་ཕྱིན་པའི་ཉིན་དེ་དག་རིང་། ཁོང་མོ་མི་གཅིག་པུ་ཡིན་པ་དང་། ཆེས་མཐའ་མཇུག་གི་གླ་གཏོང་རླངས་འཁོར་གྱི་ཁ་ལོ་བས་ཀྱང་ཁོང་མོ་ཁུ་ཁུ་ཤིས་རིར་བསྐྱོད་པའི་སྐབས་སྟ་གོན་བྱས་པའི་སྒྲིག་ཆས་ཁོང་མོ་མི་མེད་ལུང་སྟོང་དུ་ཉིན10ལྷག་ཙམ་ལ་འདུག་པར་འདང་ངེས་ཡོད་མེད་ལ་དྲན་གྱི་མི་འདུག ཁུ་ཁུ་ཤིས་རིའི་ཉེ་བའི་གནམ་གཤིས་ནང་ཕྱི་རོལ་གྱི་འཚོ་གནས་ཉམས་མྱོང་མེད་པའི་མི་ཞིག་ཉིན10ལྷག་ཙམ་འཚོ་ཐུབ་བམ། ཧོང་ཡུས་མེང་བོད་ལྗོངས་ལ་འགྲོ་བའི་རླངས་འཁོར་ལ་བསྡད་ནས་བོད་ལྗོངས་སུ་སོང་བ་ཡིན་ནམ། དྲི་བ་འདི་དག་ན་གཞོན་སློབ་ཆེན་པ་འདི་གར་སོང་གི་གནད་དོན་དང་འབྲེལ་བ་ཡོད། མིག་སྔར་ཧོང་ཡུས་མེང་གི་ཁྱིམ་མི་ཁག་གཅིག་མཚོ་སྔོན་གོར་མོར་ཡོད་པ་དང་ཁག་གཅིག་ནན་ཅིང་དུ་ཡོད།

གལ་ཏེ་ཧོང་ཡུས་མེང་གར་སོང་ཤེས་མཁན་ནམ་ཁོང་མོ་མཐོང་མྱོང་མཁན་ཡོད་ན། ཁ་པར13320899077འདི་བརྒྱབ་ནས་ཁྱིམ་མི་དང་འབྲེལ་བ་བྱེད་པའམ་ཡང་ན110བརྒྱབ་ནས་ཉེན་རྟོག་པར་གྱོད་དོན་སྙན་སེང་ཞུ་རོགས་གནང་།