ཀྲུང་གོའི·མཚོ་སྔོན་འཚེ་མེད་འཕེལ་རྒྱས་མ་དངུལ་གཏོང་འཇོག་ཉོ་ཚོང་ངོ་གྲོས་ཚོང་འདུས་སྐབས21པ་འཚོགས།

ཀྲེན་ཅིན་པང་དང་ཝང་ཅིན་ཅུན། ཐང་ཅུན་བཅས་ནས་ཤིས་ཚིག་ཕུལ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ 7ཚེས23ཉིན། ཀྲུང་གོའི·མཚོ་སྔོན་འཚེ་མེད་འཕེལ་རྒྱས་མ་དངུལ་གཏོང་འཇོག་ཉོ་ཚོང་ངོ་གྲོས་ཚོང་འདུས་སྐབས21པ་ཟི་ལིང་དུ་འཚོགས་ཤིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། གོ་མན་ཏང་གསར་བརྗེ་ཨུ་ལྷན་ཀྲུང་དབྱང་རྒྱུན་ལས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲེན་ཅིན་པང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་ཀྱི་ཀྲུའུ་རིན་ཝང་ཅིན་ཅུན་གཉིས་ནས་ཤིས་ཚིག་ཕུལ་བ་མ་ཟད་མཛད་སྒོའི་ཡོལ་བ་ཕྱེས། རྒྱལ་ཁབ་ཀྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཐང་ཅུན་གྱིས་ཤིས་ཚིག་ཕུལ།

ཀྲེན་ཅིན་པང་གིས་ཤིས་ཚིག་འབུལ་སྐབས། ཉེ་བའི་ལོ་རིང་ལ་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཡིད་ལ་དམ་པོར་འཆང་སྟེ། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་བར་རྡོག་རྩ་གཅིག་ཏུ་སྒྲིལ་ཞིང་དེ་དག་གི་སྣེ་འཁྲིད་དེ་དུས་རབས་ཀྱི་གླེང་གཞི་ལ་སྟངས་འཛིན་དང་། ལོ་རྒྱུས་ཀྱི་འགན་འཁྲི་ཁུར་དུ་འཁྱེར་ནས་སྣོད་བཅུད་སྔོན་སྤེལ་དང་འཚེ་མེད་འཕེལ་རྒྱས་ཁ་ཕྱོགས་སུ་བཟུང་བའི་སྤུས་ཚད་མཐོ་ཤོས་ཀྱི་གོང་སྤེལ་ལམ་ཕྱོགས་ཤིག་འཚོལ་ཞིབ་བྱས་ཤིང་། ལོ་ངོ་ཉི་ཤུ་རིང་གི་འཚོལ་ཞིབ་དང་ཉམས་ལེན་ཁྲོད་མཚོ་སྔོན་གྱི་ངོ་གྲོས་ཚོང་འདུས་དེ་མཚོ་སྔོན་ཉིད་རྒྱལ་ནང་དུ་རྐང་ཚུགས་ཤིང་འཛམ་གླིང་ལ་ཁ་ཕྱོགས་པ། སྙན་གྲགས་ཅུང་ཆེ་ལ་ས་ཁོངས་ན་གྲགས་པ་འབར་བའི་ཕྱོགས་བསྡུས་རང་བཞིན་གྱི་མ་དངུལ་གཏོང་འཇོག་དང་ཉོ་ཚོང་གི་གསོལ་སྟོན་ཆེན་པོ་ཞིག་ཏུ་གྱུར་ལ། མཚོ་སྔོན་ཕྱི་ཕྱོགས་སུ་བསྐྱོད་པའི་རྣམ་པ་གསར་པ་དང་། འཚེ་མེད་འཕེལ་རྒྱས་ཀྱི་ཆུ་ཚད་གསར་པར་སྙེག་པའི་སྒེའུ་ཁུང་ལྟ་བུ་དང་།  ཚོང་འགུག་དངུལ་འདྲེན་རྒྱ་སྐྱེད་དང་མཉམ་ལས་མཉམ་ཕན་མངོན་འགྱུར་གྱི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་བ་མ་ཟད། མཚོ་སྔོན་ཉིད་མ་སྐུལ་རང་རྟོགས་ཀྱི་སྒོ་ནས“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་སུ་ཞུགས་ནས་མངའ་ཁོངས་བར་མཉམ་འབྲེལ་མཉམ་སྤེལ་ཐུབ་པའི་འབྲེལ་ཟམ་མམ་འབྲེལ་ཐག་གལ་ཆེན་ཞིག་ཏུའང་གྱུར་ཡོད་ཅེས་དང་། ཐེངས་འདིའི་མཚོ་སྔོན་གྱི་ངོ་གྲོས་ཚོང་འདུས་ཀྱིས་ཕྱོགས་མང་པོར་མཉམ་ལས་དང་ཕྱར་བ་གྲུ་འདེགས་ཀྱི་བྱེད་ནུས་ལྡན་པའི་སྟེགས་བུ་ལེགས་པོ་བསྐྲུན་ཏེ། དར་གོས་ཚོང་ལམ་རྒྱུད་ཀྱི་རྒྱལ་ཁབ་དང་ས་ཁུལ་ལ་འཕེལ་རྒྱས་ཀྱི་གོ་སྐབས་བསྐྲུན་ཞོར་དཀའ་ངལ་དང་དཀའ་ཁག་མཉམ་སེལ་ལ་རམ་འདེགས་ཐུབ་པར་ཡིད་ཆེས་ཡོད། ཚང་མས་མཚོ་སྔོན་ངོ་གྲོས་ཚོང་འདུས་གོ་སྐབས་སུ་བཟུང་སྟེ། མཉམ་ལས་ལ་དང་དོད་ཆེན་པོ་དང་། ལས་གཞི་དང་མ་དངུལ་བར་འབྲེལ་སྦྱོར་བཟང་པོ། ཤེས་བྱ་དང་ཐོན་ལས་བར་ཟུང་འབྲེལ་ལེགས་པོ། ལག་རྩལ་དང་ཁྲོམ་རའི་བར་འབྲེལ་འདྲིས་ཟབ་མོ། ལས་གཏོད་དང་མ་དངུལ་གཏོང་འཇོག་བར་རམ་འདེགས་མཉམ་ཕན་ཡོང་བར་ཧུར་ཐག་བྱ་རྒྱུ་རེ་བ་ཡིན་ལ། ཚང་མའི་འབད་བརྩོན་འོག་མཚོ་སྔོན་ངོ་གྲོས་ཚོང་འདུས་ཇེ་རྒྱས་ཇེ་ལེགས་སུ་ཕྱིན་ཏེ་དུས་རབས་གསར་པའི་ནང་རང་རྒྱལ་གྱི་ནུབ་ཕྱོགས་འཕེལ་རྒྱས་ཆེན་པོར་སྐུལ་འདེད་ཀྱི་རྣམ་པ་གསར་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྱོང་གི་ལམ་བུ་གསར་པར་སྙེག་པའི་ཁྲོད་ནུས་བ་གལ་ཆེན་དང་ལག་རྗེས་ཆེན་པོ་འཇོག་ཐུབ་པར་ཡིད་ཆེས་ཡོད་ཅེས་བསྟན།

ཝང་ཅིན་ཅུན་གྱིས་གློ་བུར་བའི་པྲོད་ནད་ཀྱིས་འཚོ་སྡོད་ཁོར་ཡུག་དང་འཛམ་གླིང་ཡོངས་ཟིང་ཟིང་དུ་བཟོས། ཐེངས་འདིའི་མཚོ་སྔོན་གྱི་ངོ་གྲོས་ཚོང་འདུས་ནི་བློ་མཐུན་ཞི་ཅིན་ཕིང་གཙོ་བྱས་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་འགོ་ཁྲིད་འོག ཀྲུང་ཧྭའི་བུ་དང་བུ་མོ་རྣམས་མི་དམངས་ཀྱི་འཐབ་རྩོད་དམ། འཛམ་གླིང་གི་འཐབ་རྩོད། འགོག་རྒོལ་གྱི་འཐབ་རྩོད་ལས་རྣམ་པར་རྒྱལ་ཆེད་དུ་ཕྱར་བ་གྲུ་འདེགས་དང་ཕན་ཚུན་རོགས་རེས་ལ་བྲེལ་བའི་ཧ་ཅང་ཛ་དྲག་གི་སྐབས་སུ་བསྡུས་པའི་ཚོང་འདུས་ཤིག་ཡིན་པས། ནད་ཡམས་དུས་སུ་ཡལ་སྲིད་ཀྱང་འཕེལ་རྒྱས་ཀྱི་རྒྱུན་དུས་ནམ་ཡང་ཆད་མི་རུང་བས། ཐེངས་འདིའི་ཚོང་འདུས་ཐོག་ཕྱོགས་ཡོངས་ཀྱི་སྐུ་མགྲོན་རྣམས་ཀྱིས་མཁོ་འདོན་དང་དགོས་མཁོའི་ཁྲོད་ནས་རང་ལ་འཚམ་པའི་ལོག་མལ་བཙལ་ཏེ་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་ལ་རྟོག་དཔྱོད་བྱ་རྒྱུ་ང་ཚོའི་རེ་སྒུག་བྱས་ཡོད་ཟེར།

ཐང་ཅུན་གྱིས་རྒྱལ་ཁབ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་ཚབ་བྱས་ཏེ་མཚོ་སྔོན་གྱི་ངོ་གྲོས་ཚོང་འདུས་བདེ་བླག་ངང་འཚོགས་པར་རྟེན་འབྲེལ་ཞུས།

གླེང་སྟེགས་སུ་ཀྲུང་གོའི་ས་ཡོམ་ཅུས་ཀྱི་དེ་སྔའི་ཅུས་ཀྲང་དང་། མཚོ་སྔོན་ཞིང་ཆེན་གྱི་དེ་སྔའི་ཧྲན་ཀྲང་གཞོན་པ་སུང་རུའེ་ཞང་། ཀྲུང་གོར་བཅའ་སྡོད་བྱས་པའི་ཝུ་ར་ཀུའེ་གཞུང་ཚབ་པ་ཧྥེར་ནན་ཏའོ·ལུ་ཀེ་ལི་སི། ཅིན་པུ་ཀྲེ་རྒྱལ་ཁབ་ཀྱི་བཟོ་ཚོང་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀི་ཡུན་མེང་། རྒྱལ་ཡོངས་སྲིད་གྲོས་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། བཟོ་ལས་དང་ཆ་འཕྲིན་ཅན་འགྱུར་པུའུ་ཡི་དེ་སྔའི་པུའུ་ཀྲང་གཞོན་པ་ལིའུ་ལི་ཧྭ། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་དེ་སྔའི་ཅུས་ཀྲང་གཞོན་པ་ལི་ཡུས་ཚའེ། ཀྲུང་ཧྭ་རྒྱལ་ཡོངས་མཁོ་ཚོང་མཉམ་ལས་སྤྱི་ཁྱབ་ཁང་གི་ཏང་ཙུའུ་ཁོངས་མི། ལས་འཛིན་གཞོན་པ་ཙོའུ་ཐིན་ཅིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཚན་ཧྲི་ཁང་གི་དེ་སྔའི་ཚན་ཧྲི་ཀི་ཀྲི་རོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་དྲུང་ཡིག་ཆེ་མོ་ཀྲུང་ཧྲུའུ་ཞིན། ཐིན་ཅིན་དང་། ཧི་ནན། ཉིང་ཞ། བོད་ལྗོངས། ཧྲན་ཞི། ཅང་སུའུ། ཀྲེ་ཅང་། ཧྲན་དུང་སོགས་ཞིང་ཆེན་དང་ལྗོངས་གྲོང་ཁྱེར་ཁག་གི་འགོ་ཁྲིད་དང་། ཀྲུང་གོའི་ཚན་རིག་གླིང་། ཀྲུང་གོའི་བཟོ་སྐྲུན་གླིང་། རྒྱལ་སྤྱིའི་ཚོགས་པ། རྒྱལ་ཁབ་ཀྱི་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཀྱི་འབྲེལ་ཡོད་ལས་ཁུངས། རྒྱལ་ཁབ་ཕྱི་ནང་གི་ཚོང་དོན་མཐུན་ཚོགས། ཀྲུང་དབྱང་ཁེ་ལས་དང་དེ་ལས་གཞན་ཁེ་ལས་གྲགས་ཅན་གྱི་འགན་འཁུར་བ་མཛད་སྒོར་ཞུགས།

ཞིང་ཆེན་གྱི་འགོ་ཁྲིད་ཝང་ཞའོ་དང་། ལི་ཅའེ་ཞང་། ཡུས་ཀྲུང་ལེ། ཁྲེན་རུའེ་ཧྥེང་། ཀྲང་ཀོང་རུང་། ཉི་མ་སྒྲོལ་མ། ཉའོ་ཁྲེང་ཡུན། ཁུང་ཡུང་། དབྱང་ཕིན་ཁྲུན། ཝང་ཀྲེན་ཧྲེང་། དབྱང་ཀྲི་ཝན། ཝང་ཞའོ་ཡུང་། ཀྲང་ཝན་ཁུའེ། རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་མཱ་ཀྲི་ཝའེ་སོགས་མཛད་སྒོར་ཞུགས། ཝང་ལེ་མེང་གིས་མཛད་སྒོར་གཙོ་སྐྱོང་གནང་།

ཁོན་ཐར་འཚོས་བསྒྱུར།