མཚོ་སྔོན་གྱིས་བྱེད་ཐབས53བཏོན་ནས་ལས་ཞུགས་ལ་རྒྱབ་སྐྱོར་བྱ་རྒྱུ་རེད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ་རང་རེའི་ཞིང་ཆེན་གྱིས《སྤྱི་ཚོགས་བརྟན་འཇགས་དང་ལས་ཞུགས་རྒྱ་བསྐྱེད་ལ་པྲོག་ནད་ཀྱི་གནོད་འཚེ་མི་ཐེབས་པ་བཟོས་པའི་བྱེད་ཐབས་པར་འགྲེམ་གྱི་བརྡ་ཐོ》བཀྲམས་ཡོད་ཅིང་། དེའི་ནང་པྲོག་གསར་ནད་ཡམས་འགོག་བཅོས་ནན་མོ་དང་ལས་ཞུགས་ཀྱི་ལམ་ཁ་ཡངས་ཤིང་བརྟན་པོ་ཡོང་ཐུབ་ཆེད་ལ་ཕྱོགས་བཅུ་ནས་བྱེད་ཐབས་ཞིབ་ཕྲ53བཏོན་ཡོད་པ་རེད།

གསར་འགོད་པས་ཤེས་གསལ་ལྟར་ན། ཕྱོགས་བཅུ་ནི། དང་པོ། ཁེ་ལས་ཀྱི་ལས་ཀ་དང་ཐོན་སྐྱེད་སླར་གསོ་ལ་བརྟེན་ནས་ལས་གནས་མཁོ་འདོན་ཐུབ་པའི་བྱེད་ཐབས་ཞིབ་ཕྲ་བཟོས་ཏེ་ཁེ་ལས་ཀྱི་ལས་ཀ་དང་ཐོན་སྐྱེད་ཕྱོགས་ཡོངས་ནས་སླར་གསོ་དང་། ལས་ཞུགས་ལས་གནས་གཏན་འཇགས་ཡོང་བར་སྐུལ་འདེད་གཏང་རྒྱུ། གཉིས་པ། མ་དངུལ་སྔ་མོ་ནས་གཏོང་འཇོག་བྱས་ནས་ལས་ཞུགས་ལ་སྐུལ་ཁྲིད་ཐུབ་པའི་ཐོན་ལས་དང་། ཕྱི་རྒྱལ་གྱི་མ་དངུལ་བཞག་པའི་ཁེ་ལས་རང་ཞིང་དུ་འགུག་པ། ལས་ཞུགས་མང་འདུས་ཅན་གྱི་ཐོན་ལས་ཁོར་ཡུག་ལ་གདེང་འཇོག་དང་གློད་སྡོམ་ཞབས་གསུམ་བཅོས་སྒྱུར་ལ་ཤུགས་སྣོན་པ་སོགས་ཀྱི་བྱེད་ཐབས་ཞིབ་ཕྲ་བཟོས་ཏེ་མ་དངུལ་གཏོང་འཇོག་དང་ཐོན་ལས་གཙོ་བྱས་ནས་ལས་ཞུགས་ལ་སྐུལ་འཁྲིད་བྱ་རྒྱུ། གསུམ་པ། “དཔང་ཡིག་དང་འཁྲོལ་འཛིན་སོ་སོར་འབྱེད”པ་དང་། ལས་གཏོད་ཀྱི་ནོར་ཁྲལ་མ་རྩའི་ཐད་དམངས་ཕན་གྱི་སྲིད་ཇུས་འདོན་པ། གློག་རྡུལ་ཚོང་དོན་དང་རྐང་ཐང་ཁྲོམ་སྲང་གི་དཔལ་འབྱོར་གོང་སྤེལ་ལ་ཡར་སྐུལ། ལས་གཏོད་བྱེད་ས་མཁོ་འདོན་ལ་སོགས་ཀྱི་བྱེད་ཐབས་བཏོན་ནས་ཁོར་ཡུག་ཡག་སྒྱུར་གྱི་ལམ་ནས་རང་བདག་ལས་གཏོད་ལ་ཡར་སྐུལ་ཐོག་རྒྱབ་སྐྱོར་བྱ་རྒྱུ། བཞི་པ། ལས་ཞུགས་ལ་འཁྲིད་སྟོན་དང་། རང་ས་རང་ཡུལ་ནས་ལས་ཞུགས་ཐུབ་པར་རྒྱབ་སྐྱོར་ལ་སོགས་བྱེད་ཐབས་ཞིབ་ཕྲ་བཟོས་ཏེ་ཞིང་པ་ཞོར་ལས་པ་བདེ་འཇགས་སྒོ་ནས་གོ་རིམ་བཞིན་ལས་གནས་ལས་ཞུགས་སུ་བསྒྱུར་རྒྱུ ། ལྔ་པ། ཁེ་ལས་ཀྱི་བསྡུ་ལེན་དང་། གཞུང་ཕྱོགས་དོན་ལས་ལས་ཁུངས་སུ་རྒྱུགས་སྤྲོད་པ། གཞི་རིམ་གྱི་ལས་ཞུགས་ལས་གནས་གསར་དུ་འདོན་པ། སློབ་བསྡུ་ལས་ཞུགས་ཀྱི་གཞི་ཁྱོན་ཇེ་ཆེར་གཏོང་བ། ལས་ཞུགས་ལྟ་སྦྱོང་ལ་ཡར་སྐུལ། ལས་ཞུགས་དང་ལེན་གྱི་དུས་ཚོད་འོས་འཚམ་གྱིས་ཇེ་རིང་དུ་གཏོང་བའི་བྱེད་ཐབས་ཞིབ་ཕྲ་བཏོན་ནས་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་ལམ་ཁ་ཇེ་ཡངས་སུ་གཏང་རྒྱུ། དྲུག་པ། ལག་རྩལ་ཟབ་སྦྱོང་ལ་ཤུགས་སྣོན་དང་། རྩལ་ནུས་ཟབ་སྦྱོང་གི་གསབ་དངུལ་ལག་བསྟར་བྱ་བའི་སྲིད་ཇུས་དང་བྱེད་ཐབས་ཞིབ་ཕྲ་བཏོན་ནས་ལས་རིགས་རྩལ་ནུས་ཀྱི་ཟབ་སྦྱོང་རྒྱ་ཆེར་སྤེལ་རྒྱུ། བདུན་པ། རོགས་སྐྱོར་དང་ལེན་བྱེད་མཁན་ཁེ་ལས་ཕྱོགས་གཉིས་ཀས་ལས་ཀ་བ་བསྡུ་ལེན་གྱི་ཆ་འཕྲིན་འབྲེལ་སྦྱོར་ལ་ཤུགས་སྣོན་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་གཞན་པའི་ཁེ་ལས་ཀྱིས་རང་ཞིང་གི་ལས་ཀ་བ་ལས་གནས་སུ་བཀོལ་སྤྱོད་བྱེད་པར་གྲོས་བསྡུར། མཚོ་སྔོན་ལ་རོགས་སྐྱོབ་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་ནས་དགེ་རྒན་གྱི་སྟོབས་ཤུགས་དང་ཟབ་སྦྱོར་གྲོན་དངུལ། འཐེན་ཐུག་ཐོན་ལས་སོགས་ལ་རྒྱབ་སྐྱོར་ཐོབ་པར་བརྩོན་ལེན་བྱས་ནས་ལས་ཞུགས་ལས་གཏོད་ལ་ཁ་གཏད་རོགས་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར་གྱི་རམ་འདེགས་ལ་ཤུགས་བསྣན་རྒྱུ། བརྒྱད་པ། དབུལ་པོ་ལས་ཞུགས་ཐུབ་པ་དང་། ལས་ཤོར་བའི་མ་མཐའི་འཚོ་བར་འགན་སྲུང་བྱེད་པ། དཀའ་ངན་ཅན་ལས་ཞུགས་སུ་བཅུག་ནས་རོགས་སྐྱོར་དང་སྤྱི་ཚོགས་ཀྱི་རོགས་སྐྱོབ་ལ་ཤུགས་སྣོན་པ་སོགས་ཀྱི་བྱེད་ཐབས་ཞིབ་ཕྲ་བཟོས་ནས་དཀའ་ངལ་ཅན་གྱི་མ་མཐའི་འཚོ་བར་འགན་སྲུང་ལེགས་པོ་བྱ་རྒྱུ། དགུ་པ། དྲ་ཐོག་ནས་ལས་ཞུགས་ཞབས་ཞུ་འདོན་པ་དང་། ལས་ཀ་པ་སྐབས་བསྟུན་སྒོས་ལས་ཞུགས་ཐུབ་པར་ཡར་སྐུལ་བྱེད་པ། མཐར་ཕྱིན་སློབ་མའི་ལས་ཞུགས་འགྲོ་ལུགས་སྒྲུབ་སྟངས་སྟབས་བདེར་བཟོ་བ། ལས་བཟོ་བ་དཀའ་ངལ་ཅན་ལ་ལས་ཞུགས་རོགས་སྐྱོབ་བྱེད་པ། ཁེ་ལས་ཀྱི་ངལ་རྩོལ་འབྲེལ་བ་འཆམ་མཐུན་དང་ལས་ཞུགས་ལས་གནས་གཏན་འཇགས་ཡོང་བར་ཁྲིད་སྟོན་ཞབས་ཞུ་འདོན་པ་ལ་སོགས་ཀྱི་བྱེད་ཐབས་ཞིབ་ཕྲ་བཟོས་ནས་ལས་ཞུགས་ཞབས་ཞུ་ཚགས་སུ་ཐོན་ཐུབ་པ་བྱ་རྒྱུ། བཅུ་བ། སྒྲིག་འཛུགས་འགོ་ཁྲིད་དང་། མ་དངུལ་འགན་སྲུང་། གཟེངས་བསྟོད་ཡར་སྐུལ། ལྟ་སྐུལ་དོན་འཁྱོལ་བཅས་ལ་ཤུགས་སྣོན་པའི་བྱེད་ཐབས་ཞིབ་ཕྲ་བཏོན་ནས་ལས་ཞུགས་ལས་འགན་དམ་འཛིན་ནན་འཛིན་བྱ་རྒྱུ་བཅས་སོ། །

ཁོན་ཐར་འཚོས་བསྒྱུར།